སྲིད་སྐྱོང་འོས་མི་གཉིས་དང་སྤྱི་འཐུས་འོས་མི་གོ་བཞི་བཀྲམ་འདུག
ཟླ་འདིའི་ཚེས་༣ ཉིན་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལྷན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་མི་གཏན་འབེབས་གསལ་བསྒྲགས་བྱས་སོང།
སྲིད་སྐྱོང་འོས་མིར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གཉིས་བཏོན་ཡོད་པ་རེད། འོས་བསྡུའི་ཆེན་མོའི་སྔོན་འགྲོ་སྐབས་བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་འོས་གྲངས་ཨང་གསུམ་པ་ཡིན་པས། ཁོང་དངོས་གཞིའི་འོས་ཁོངས་སུ་འཇོག་དགོས་པའི་རེ་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་ནའང་། དབུས་འོས་བསྡུ་ལས་ཁང་གིས་ངོས་ལེན་བྱས་མེད་པ་རེད།
མདོ་སྟོད་དང་མདོ་སྨད་ཆོལ་ཁ་གཉིས་ནས་སྤྱི་འཐུས་འོས་མི་༢༠ རེ་དང་དབུས་གཙང་ཆོལ་ཁ་ནས་དྭངས་བླངས་འོས་མི་༡ བསྣན་ཏེ་འོས་མི་༢༡ ། ཆོས་བརྒྱུད་རེ་ནས་འོས་མི་༤ རེ། ལྷོ་བྱང་ཨ་རི་ཁུལ་ནས་དང་བླངས་འོས་མི་༢ བསྣན་ཏེ་འོས་མི་༦། ཡུ་རོབ་དང་ལྷོ་ཨ་ཧྥི་རི་ཀའི་ཁུལ་ནས་འོས་མི་༤ ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཡའི་ཁུལ་ནས་དང་བླངས་འོས་མི་༡ བསྣན་ཏེ་འོས་མི་༣ བཅས་ཁྱོན་འོས་མི་༩༤ ཡི་མིང་དང་མཚོན་རྟགས། ཕ་ཡུལ། ད་ལྟའི་སྡོད་གནས་བཅས་གསལ་བསྒྲགས་བྱས་སོང། དེ་བཞིན་འོས་མི་རྣམས་པས་འོས་བསྡུའི་སྒྲིག་གཞི་ལ་ཐུགས་སྣང་བྱེད་དགོས་པ་དང། དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་སྔོན་དུ། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་སྐབས་སུ། འོས་མི་རང་ཉིད་དང་རང་ཉིད་ལ་རྒྱབ་སྐྱོར་གསལ་བསྒྲགས་བྱེད་མཁན་སྤྱི་སྒེར་སུས་འགྲོ་སོང་ཇི་སོང་གི་རྩིས་སྙན། ས་གནས་སོ་སོའི་འོས་བསྡུ་ལས་ཁང་ལ་སྤྲོད་དགོས་པ། དེ་བཞིན་འོས་མི་སོ་སོ་ནས་ནས་རང་ཉིད་ལ་རྒྱབ་སྐྱོར་གསལ་བསྒྲགས་བྱེད་ཆོག་པའི་ཚོགས་སྡེ་དང་མི་སྒེར་སུ་ལ་ཆོག་མཆན་སྤྲད་པའི་ངོ་བཤུས་ཡི་གེ ས་གནས་འོས་བསྡུ་ལས་ཁང་ལ་སྤྲོད་དགོས་སྐོར་སོགས་གསལ་བསྒྲགས་བྱས་སོང། སྐབས་དེར་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་བྱས་པ་ཙམ་ལས། གསར་འགོད་པར་འོས་བསྡུ་དང་འབྲེལ་བའི་དྲི་བ་གཏོང་རྒྱུའི་གོ་སྐབས་མེད་སྤྲད་མེད་པ་རེད།
སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་འོས་མིར་དངོས་སུ་ལངས་མཁན་ལྔ་བྱུང་བའི་ནང་ནས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ། འོས་གྲངས་༣༠༥༠༨ དང། སྤེན་པ་ཚེ་རིང་། འོས་གྲངས་༡༠༧༣༢། ཀླུ་མཁར་བྱམས། འོས་གྲངས་༢༥༥༧། བཀྲ་ཤིས་དབང་འདུས། འོས་གྲངས་༡༨༨༠། བཀྲ་ཤིས་སྟོབས་རྒྱལ། འོས་གྲངས་༣༨ བཅས་ཡིན་པ་རེད། བཅའ་ཁྲིམས་ནང་སྲིད་སྐྱོང་འོས་མི་དྲུག་ལས་མ་མང་བ་བཀྲམ་ཆོགས་པ་མ་ཟད། སྐབས་སྔོན་མའི་འོས་བསྡུའི་སྐབས་ཀྱང་བཀྲམ་ཡོད་པས། ཐེངས་འདིར་སྲིད་སྐྱོང་གི་དངོས་གཞིའི་འོས་མི་གཏན་འབེབས་མི་གཉིས་བྱས་པར། བཙན་བྱོལ་བོད་མིའི་ས་གནས་མང་པོ་ནས་འདོད་པ་མ་ཁེངས་པའི་བསམ་ཚུལ་བཤད་མཁན་དང་སྙན་ཞུ་ཕུལ་མཁན་སོགས་གང་མང་བྱུང་བ་མ་ཟད། འོས་བསྡུའི་སྒྲིག་གཞིའི་འོག་ནས་འོས་མི་ཁྱབ་བསྒྲགས་བྱེད་ཕྱོགས་དང་འགྲོ་སོང་གཏོང་ཕྱོགས་སྐོར་ལ་ཡང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་མང་པོས་སྙན་ཞུ་ཕུལ་ཡོད་ནའང་། དམིགས་བསལ་བསྒྱུར་བཅོས་གང་ཡང་བཏང་མེད་པ་རེད།
ཐེངས་འདིར་བཀའ་སྤྱི་གཉིས་ཀྱི་འོས་འཕེན་ཆོག་པའི་དེབ་སྐྱེལ་བྱེད་མཁན་མི་གྲངས་༨༨༣༢༦ བྱུང་ཡོད་པའི་ནང་ནས་སྲིད་སྐྱོང་ལ་འོས་འཕེན་མཁན་༤༧༡༠༥ དང་སྤྱི་འཐུས་ལ་འོས་འཕེན་མཁན་༤༦༨༩༠ བྱུང་ཡོད་པ་རེད། འོས་ཤོག་འཕེན་སའི་ས་ཚིགས་རྒྱ་གར་དང་བལ་ཡུལ། དེ་མིན་གྱི་ཕྱི་རྒྱལ་ཁག་བཅས་ས་གནས་བསྡོམས་༨༥ ཡོད་པ་དང་། འབྲུག་ཡུལ་དུ་གནས་སྡོད་བོད་མི་ཚོས་འདི་ལོར་འོས་ཤོག་འཕེན་ཐུབ་མེད་པ་རེད།། བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ནི་ཟླ་༣ པའི་ཚེས་༢༠ ཉིན་གཏན་འཁེལ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།