སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་དངོས་གཞིའི་འོས་བསྡུའི་ལས་འགུལ་འགོ་འཛུགས།
དངོས་གཞིའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐང་བཟང་རྡོ་རྗེས་བཞུགས་སྒར་དྷ་ས་ནས་འོས་བསྡུའི་ལས་འགུལ་འགོ་འཛུགས་ཀྱི་གསུང་བཤད་གནང་བའི་ནང་། ཁོང་གིས་་དྷ་སའི་མི་མང་ལ་དམིགས་ཏེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དང་། མངའ་སྡེ་གཞུང་དང་འབྲེལ་བ་ཞུས་ཏེ་དྷ་སར་བོད་པའི་ཁྲོམ་ས་ཞིག་ཟུར་འཛུགས་བྱ་རྒྱུ་ཡིན་ཚུལ་བརྗོད་སོང་།
ཕྱི་ཟླ་ ༣ ཚེས་ཚེས་ ༢༡ ཉིན་གྱི་སྔ་དྲོར་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་རྣམས་ཕྱིར་བསྒྲགས་གནང་རྗེས། སྲིད་སྐྱོང་འོས་གཞི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་ཕྱི་དྲོའི་ཆུ་ཚོད་ ༤ པ་ལ་དྷ་སའི་མང་ཚོགས་རྣམས་ཀྱི་ཆེད་དུ་སྲིད་སྐྱོང་དུ་ལངས་པའི་དམིགས་ཡུལ་དང་། མ་འོངས་ལས་འཆར་སོགས་ཀྱི་ཐོག་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གནང་སོང་།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་གསུང་བཤད་ལས་འགུལ་དེའི་ཐོག དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་བོད་མི་རྣམས་གཅིག་སྒྲིལ་ཐོག་ཏུ་ཁྲིད་པའི་ཐབས་ལམ་བཟང་ཤོས་གཅིག་པུ་དེ་ནི་བོད་མི་རྣམས་འཐབ་རྩོད་ཀྱི་ཕྱོགས་སུ་ཁྲིད་ཐུབ་རྒྱུ་དེ་ཡིན་སྟབས། མ་འོངས་པར་ཁོང་སྲིད་སྐྱོང་དུ་འོས་འདེམས་བྱུང་ཚེ། འཐབ་རྩོད་ཀྱི་ཐོག་ནུས་པ་རྒྱ་ཆེ་རུ་གཏང་རྒྱུ་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་དང་འཐབ་རྩོད་ཐོག་སྔོན་རྩིས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༢༣ ཙམ་གནང་བཞིན་པ་དེར་སྤར་ཐབས་གནང་གི་ཡིན་ཚུལ་གསུངས་སོང་།
དེ་མིན་གལ་ཆེའི་ལས་འཆར་གཞན་དག་དང་འབྲེལ་བའི་ཐད་ལ། ཁོང་གིས་བོད་མིའི་སྒྲིག་འཛུགས་འདི་དེང་རབས་དང་མཐུན་པ་ཞིག་བཟོ་རྒྱུར་འཕྲུལ་ཆས་རིགས་གང་མང་སྤྱོད་ཐུབ་ཐབས་ལ་འབད་རྒྱུ་མ་ཟད། ཤེས་ཡོན་དང་། རྒྱལ་རབས་སློབ་ཚན། ལྷག་དོན་བྱིས་པའི་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་རྒྱུ་མ་ཟད།། བོད་མི་གནས་ཡུལ་གཞིས་ཆགས་ཁག་ལ་འཚོ་ཐབས་སྲ་བརྟན་ལ་དམིགས་པའི་འཛུགས་སྐྲུན་གྱི་ལས་གཞི། བོད་ཀྱི་སྐད་ཡིག ལེགས་བྱང་ཐོག་ཏུ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་རྒྱུ་སོགས་གཞི་རྩའི་དོན་ཚན་གཙོ་བོ་ལྔའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད།
བཞུགས་སྒར་དྷ་སའི་ས་གནས་མི་མང་དང་གཙོ་བོར་འབྲེལ་བའི་ལས་འཆར་ཐོག ཁོང་གིས་དྷ་སའི་མི་མང་ལ་དམིགས་ཏེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དང་མངའ་སྡེ་གཞུང་དང་འབྲེལ་བ་ཞུས་ཏེ་བོད་པའི་ཁྲོམ་ས་ཟུར་འཛུགས་གནང་ཐབས་ཐོག་དགོངས་པ་བཞེས་ཀྱི་ཡོད་སྐོར་སོགས་གསུངས་ཡོད།
མི་མང་ལ་ལས་འཆར་གྱི་ངོ་སྤྲོད་བྱས་གྲུབ་རྗེས། སྲིད་སྐྱོང་འོས་མི་ཁོང་གིས་གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གནང་བའི་སྐབས། གསར་འགོད་པ་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ལས་འགུལ་དང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱ་སྐྱེད་གནང་སྟངས་དང་། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ཏེ་དབུ་མའི་ལམ་གྱི་འཐབ་རྩོད་ལ་རེ་བ་གཟིགས་ཀྱི་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་པར། ཁོང་གིས་རྒྱ་ནག་གཞུང་དེ་ནི་འཇམ་པོའི་སྟོབས་ཤུགས་སྤྱད་ནས་ཡ་ལན་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་གི་མེད་ཀྱང་། དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་མགོ་མ་སྒུར་བར་གནོན་ཤུགས་སྤྲོད་དགོས་སྐོར་སོགས་གསུངས་སོང་།
ཉེ་ཆར་ཨ་རི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་ལྟར་རྒྱ་ཁབ་གཞན་གྱི་ནང་ལ་དེ་ལྟར་གནང་ཐབས་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་གནང་རྒྱུ་སོགས་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་མ་ཟད། ལྷག་དོན་ང་ཚོས་ད་ལྟའི་ཆར་རྒྱ་ནག་གཞུང་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་དང་ལྷན་དུ་མུ་མཐུད་ནས་འབྲེལ་མོལ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་སོང་།
༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ལས་འགུལ་ཆེད་དུ་ཉིན་གྲངས་ ༢༠ ཙམ་ལས་མེད་པ་དང་། དུས་ཡུན་ཐུང་ཐུང་དེའི་ནང་ཁོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ། དེ་བཞིན་ལྷོ་ཕྱོགས་དང་ལ་དྭགས་སོགས་བོད་མིའི་གནས་ཡུལ་ས་གནས་གང་མང་ཞིག་ཏུ་ཆེད་ཕེབས་གནང་སྟེ་མང་ཚོགས་ལ་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་གཏན་འཁེལ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།