སྲིད་སྐྱོང་འོས་མི་སུ་ལ་རྒྱབ་སྐྱོར་བྱ་འོས་སམ་ཞེས་པའི་དྲི་བ་ལ་ལན་གྱི་ཐོག་ནས་བདེན་པའི་དཔྱད་གཏམ།

སྲིད་སྐྱོང་འོས་མི་བརྒྱད་ནས་སུས་བོད་དོན་གཙོ་འཛིན་དང་རང་དོན་བློས་གཏོང་ཐུབ་ཀྱི་ཡོད་མེད་འདས་ཟིན་པའི་ཟླ་བ་ཁ་ཤས་ནས་གསལ་པོ་ཆགས་སོང་དྲན། སྔོན་འགྲོ་དྲིལ་བསྒྲགས་གལ་ཆེ་རྩིས་ནས་དུས་ཚོད་སུས་གཏོང་ཐུབ་ཀྱི་འདུག དཔལ་འབྱོར་སུས་གཏོང་ཐུབ་ཀྱི་འདུག སྐུ་ལས་སུས་བསྐྱོན་ཐུབ་ཀྱི་འདུག རང་གཞན་རོགས་དང་བཅས་པ་ལ་ནད་ཡམས་ཀྱི་ཉེན་ཁ་ཡོད་བཞིན་དུ་རང་ཉིད་དང་པོ་བློས་བཏང་བའི་ཐོག་ནས་རྒྱལ་སྤྱིའི་ནང་བོད་དོན་སྲིད་སྐྱོང་དྲིལ་བསྒྲགས་གནང་བར་ཕེབས་ཐུབ་མཁན་སུ་རེད་འདུག ཕེབས་དང་ཕེབས་བཞིན་པའི་སྐབས་གཏམ་བཤད་ཁ་བཤད་ལག་བསྟར་གྱི་དཔང་རྟགས་སུ་ལ་འདུག ད་ལྟ་བཤད་པ་ནང་བཞིན་དེ་སྔར་འབད་བརྩོན་སུས་གནང་འདུག ད་ལྟ་ཁོ་རང་གིས་གསུངས་པ་ནང་བཞིན་སྙིང་སྟོབས་དང་སེམས་ཤུགས་ལྷག་བསམ་ལ་རྒྱ་ཅན་དེ་སུས་གནང་ཐུབ་འདུག་ཅེས་རང་གི་རང་ལ་དྲི་བ་ཞིག་དྲིས་ནས་རྣོ་ངར་ལྡན་པའི་བསམ་བློའི་དབྱེ་ཞིབ་ཐོག་སྲིད་སྐྱོང་འོས་མི་རྣམས་ལ་བརྟག་དཔྱད་ཅིག་བྱེད་དུས། སྲིད་སྐྱོང་འོས་མིའི་ཁོངས་ནས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་རང་ལས་ལྷག་ཅིག་རྩ་བ་ནས་མི་འདུག་དྲན།

ཁོང་སྲིད་སྐྱོང་བཞེངས་པའི་གསལ་བསྒྲགས་ཀྱི་དུས་དེ་ནས་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ཚུལ་མཐུན་གྱི་ལས་གནས་ལས་དགོངས་པ་ཞུས། དེ་ནས་ད་ལྟ་བར་དུ་བོད་སྤྱི་པའི་དོན་དུ་རང་དོན་ཡོད་ཚད་བློས་བཏང་ནས་བོད་པ་མང་སའི་རྒྱལ་ཕྱི་ནང་གང་སར་མ་ཡིས་བུ་ལ་བརྩེ་བ་ནང་བཞིན་བོད་མི་རེར་ཐུག་དུས་བཤད་མི་ཤེས་པའི་མཛའ་བརྩེའི་རྣམ་འགྱུར་དང་བཅས་སེམས་ཁོངས་ནས་འཚམས་འདྲི་དང་བདེ་སྡུག་གླེང་། མི་དམངས་དངོས་སུ་མཇལ། ལྷག་བསམ་ཟོལ་མེད་ཀྱིས་རང་གིས་ཤེས་འཇོན། དམིགས་ཡུལ། གྲ་བསྒྲིག འཆར་གཞི་སོགས་མི་དམངས་ལ་ཆེ་མཐོང་དང་ཡ་རབས་ཚུལ་མཐུན་ངང་དྲིལ་བསྒྲགས་གནང་། དེ་ནས་མ་འོངས་སྲིད་སྐྱོང་དང་འབྲེལ་བའི་མི་དམངས་ནས་དྭོག་འདྲི། རེ་བ། བསམ་འཆར་སོགས་གང་ཡོད་རང་དབང་ལྡན་པའི་དྲི་བ་ཡོད་ཚད་ལ་ལན་འདེབས་གནང་ནས་ད་ལྟ་རྒྱ་གར་ནང་བསྐོར་བསྐྱོད་གནང་བཞིན་ཡོད། འོས་མི་གཞན་རྣམས་ཡག་པོ་རེད། འོན་ཀྱང་ནད་ཡམས་ཀྱི་ཉེན་ཁ་དང་། དཔལ་འབྱོར། དུས་ཚོད། རང་གི་བྱ་གཞག མདོར་ན་གཞིས་བྱེས་བོད་མིའི་བདེ་སྡུག་འགན་དེ་ང་ལ་ཁུར་བཅུག་ན་ངས་རང་དོན་ཡོད་ཚད་བློས་བཏང་གི་ཡིན་གསུངས་པ་ཙམ་མིན་པ་རང་དོན་བློས་གཏོང་གི་ལས་ཀ་ལ་དངོས་སུ་ཞུགས་ཟིན་པའི་སྲིད་སྐྱོང་འོས་མི་ནི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཉག་ཅིག་རེད་དྲན།

རྒྱུ་མཚན་གལ་ཆེ་ཤོས་ནི་འོས་མི་ཚང་མས་རང་ཉིད་སྲིད་སྐྱོང་ཆགས་ན་འདི་དང་འདི་བྱེད་རྒྱུ་ཡིན་ཞེས་རླབས་ཆེན་གྱི་འབོད་སྒྲ་རེ་འཇུ་ནས་དེའི་ཐོག་ནས་མི་དམངས་ལ་དྲིལ་བསྒྲགས་བྱས་དང་བྱེད་མུས་རེད། འོན་ཀྱང་དེ་སྔར་ལོ་མང་རིང་ལས་དོན་དེའི་ཐོག་གོ་སྐབས་དང་དབང་ཚད་དུས་ཚོད་ཆ་ཚང་རག་ཟིན་ཀྱང་མ་བསྒྲུབ་པར་སྲིད་སྐྱོང་ཁེལ་སོང་ན་སྒྲུབ་རྒྱུ་ཡིན་ཟེར་ནས་གཏམ་བཤད་གནང་མཁན་འདུག དེ་ཚོ་ནི་མགོ་བསྐོར་གྱི་གཏམ་བཤད་རེད་དྲན།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ནི་དེ་སྔར་རང་ལ་བོད་སྤྱི་པའི་ཕྱག་ལས་གོ་སྐབས་གང་བྱུང་བ་ཡོད་ཚད་འཐུས་ཤོར་ཟུར་ཙམ་གཏོང་མྱོང་མེད། མ་ཟད་དེ་སྔར་སྐལ་རྡོ་ལགས་ཀྱི་ཕྱག་ལས་གཙོ་བོ་དེ་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་རེད། ཁྱབ་ཁོངས་དེའི་ནང་ད་བར་འབུར་དུ་ཐོན་པའི་ཕྱག་ལས་གང་འདྲ་གནང་ཡོད་མེད་གསལ་པོ་ཆགས་ཡོད།

འགའ་ཤས་ཀྱིས་དཔལ་འབྱོར་གལ་མི་ཆེ་ཟེར། དེ་ནི་ཀླད་སྟོང་གླེན་ནག་གི་གཏམ་རེད། དཔེར་ན་སྒྲིག་འཛུགས་ཀྱི་སློབ་གྲྭའི་ནང་གི་ཕྲུ་གུ་ཚོའི་འབྲི་དེབ་ཤོག་ལྷེ་གཅིག་ཡན་ཆད་ལ་དཔལ་འབྱོར་གཏོང་དགོས། དེ་བཞིན་དུ་སློབ་གྲྭའི་ཁོར་ར་ཁོར་ཡུག་མགོ་ནས་དགེ་རྒན་མན་ཆད་དཔལ་འབྱོར་མེད་ན་སློབ་གྲྭ་དེ་སྒོ་རྒྱབ་རན་ཚར་བ་རེད། དེ་བཞིན་དུ་ལས་བྱེད་ལས་གད་པ་ཡན་ཆད་ལ་དཔལ་འབྱོར་མེད་ན་ལྟོ་དང་གོས་སྒོ་བརྒྱབ་ཚར་རེད།

མདོར་ན་དབུ་དཀར་ཚང་སྐལ་རྡོ་ལགས་ཀྱིས་གཙོ་བོ་འབོད་སྒྲ་གསུམ་གྱི་ཐོག་སྒྲིག་འཛུགས་ཀྱི་དཔལ་འབྱོར་འདུ་འགོད་ཐོག་གང་ཐུབ་འབད་བརྩོན་བྱེད་ཐུབ་ལ་བྱེད་རྒྱུ་ཡིན་གསུངས་བཞིན་ཡོད། གསུངས་པ་ནང་བཞིན་དེ་སྔར་<སྒྲོ་ལ་>ས་ཡ་མང་པོའི་འབུརདུ་ཐོན་པའི་ཡོང་འབབ་སྐྲུན་ཐུབ་ཡོད། དེ་ནི་ཁོ་རང་ཁ་བཤད་ལག་བསྟར་གནང་མཁན་གྱི་སྲིད་སྐྱོང་འོས་མི་རབ་དང་ཕུལ་དང་མཆོག་དང་རྩེ་མོར་གྱུར་པ་ཞིག་ཡིན་པའི་དཔང་རྟགས་རེད་དྲན། དེ་མིན་བཤད་དུས་ཁ་ཡར་ཐོག་གསེར་མཁར་དགུ་བརྩེགས། དོན་ལག་བསྟར་བྱེད་དུས་དོན་མར་ཐོག་མཛོ་མོའི་སྟོ་ལེ་ཟེར་བ་ནང་བཞིན། དེ་སྔར་ཡུན་རིང་སྒྲིག་འཛུགས་ནང་ལས་ཀ་བྱས་ཀྱང་འབུར་དུ་ཐོན་པའི་གྲུབ་འབྲས་སྣ་གཅིག་མེད་པར་མ་འོངས་པར་ང་སྲིད་སྐྱོང་ཆགས་ན་གནམ་ས་བརྗེ་བོ་རྒྱག་པ་ལྟ་བུའི་ཡར་རྒྱས་གཏོང་གི་ཡིན་ཞེས་གསུངས་མཁན་དག་ལ་ང་ནི་ཡིད་ཆེས་རྩ་བ་ནས་མེད།

ངའི་སེམས་ནང་གི་མ་འོངས་སྲིད་སྐྱོང་གི་ཆ་རྐྱེན་ནི་

༡༽ བོད་མིའི་སྒྲིག་འཛུགས་ལ་དགའ་ཞེན་ཡོད་པ།

༢༽ སྤྱི་ཚོགས་ཟང་ཟིང་གི་རྙོག་གླེང་གཞི་རྩ་མ་ཡིན་པ།

༣༽ མི་དམངས་ལ་བརྩེ་བའི་བསམ་པ་ངར་ཤུགས་ཅན་ཡིན་པ།

༤༽ ཤེས་འཇོན་གང་ཡོད་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་བེད་སྤྱད་གཏོང་ཐུབ་མཁན།

༥༽ རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་འགྲོས་དང་བསྟུན་ཤེས་མཁན་བཅས་ཡིན།

ཆ་རྐྱེན་འདི་ལྔ་པོ་ནི་བོད་བསྟན་སྲིད་སྐྱོང་བའི་མ་འོངས་སྲིད་སྐྱོང་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དུ་མཐོང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་མ་ཚང་པ་གཅིག་ཀྱང་མི་འདུག་དྲན། དེ་ཙམ་ཡིན།

རྒྱལ་བསྟན་ཀུན་ཕན་གྱིས།