སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་ཕྱོགས་བསྐྱོད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཉེ་ལམ་ལྡི་ལི་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བདུན་ཕྲག་གཅིག་ལྷག་རིང་གི་ཕྱོགས་བསྐྱོད་ལ་ཕེབས་ཏེ་སྲིད་སྐྱོང་དུ་བཞེངས་དགོས་པའི་སྐོར་ནས་མང་ཚོགས་ལ་གསུང་བཤད་གནང་བཞིན་ཡོད་འདུག

unnamedདོན་འགྲུབ་དང་ཆོས་འཕེལ་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢༢ ཉིན་ནས་འགོ་འཛུགས་ཀྱིས་༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལྡི་ལི་བོད་སྒར་བསམ་ཡས་གླིང་གཙོས་བོད་ཁྱིམ་སློབ་མའི་སྡོད་ཁང་སོགས་དང་། ཚེས་ ༢༣ ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་དང་བོད་ཁྱིམ་སློབ་མའི་སྡོད་ཁང་། ཚེས་ ༢༤ ཀོ་ལེ་གྷལ་དོན་ལྡན་གླིང་དང་མའེ་སོར་། ཚེས་ ༥ ཉིན་ཧོང་སུར་རབ་རྒྱས་གླིང་དང་ཅོག་ཀུར་གཞིས་ཆགས། སྦེལ་ཀོབ་ལུགས་བསམ་བསམ་འགྲུབ་གླིང་གི་གཞིས་གྲོང་ལྔ་པ་དང་དྲུག་པ་གཉིས། ཚེས་ ༢༦ སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་རྣམ་གྲོལ་གླིང་། ཚེས་ ༢༧ ཉིན་སྦེལ་ཀོབ་ལུགས་བསམ་མི་མང་དང་སེ་ར་བླ་སྤྱིར་དགེ་འདུན་པ་བཅས་ལ་གསུང་བཤད་གནང་ཡོད་པ་རེད།

དོན་འགྲུབ་དང་ཆོས་འཕེལ་གཉིས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིར་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གནས་ཁག་ཏུ་ཕྱོགས་སྐྱོད་སྐབས་མང་ཚོགས་ཀྱིས་དགའ་མོ་ཆེན་པོའི་ཐོག་ནས་གསུང་བཤད་ལ་ཉན་དུ་ཕེབས་ཏེ། གསུང་བཤད་ལ་ཉན་པ་ཙམ་མ་ཟད་དྲི་པ་དྲིས་ལན་སོགས་ཀྱང་ཧ་ཅང་ཡག་པོ་གནང་། སེ་ར་བླ་སྤྱི་དང་རྣམ་གྲོལ་གླིང་གཉིས་སུ་གསུང་བཤད་གནང་སྐབས་གྲྭ་པ་ཆིག་སྟོང་ལྷག་རེ་འདུ་འཛོམས་བྱུང་ཡོད་པ་དང་། སྦེལ་ཀོབ་ལུགས་བསམ་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཉིས་སུ་གསུང་བཤད་གནང་སྐབས་མི་མང་༦༠༠ ལྷག་རེ་མཉམ་འཛོམས་བྱུང་ཡོད་འདུག
སྲིད་སྐྱོང་འོས་མི་ཁོང་ཐེངས་འདིར་ཆེད་དུ་གོང་གསལ་གྱི་ས་གནས་ཁག་ཏུ་ཕེབས་ཏེ། ཁོང་ཉིད་ ༢༠༡༦ ལོའི་སྲིད་སྐྱོང་དུ་ལངས་དགོས་པའི་རྒྱུ་མཚན་གསལ་བཤད་དང་། ཁོང་གི་འདས་ཟིན་པའི་མི་ཚེའི་ལོ་རྒྱུས། ད་ལྟའི་བར་མི་ལོ་ ༢༠ རིང་བོད་མི་མང་སྤྱི་འཐུས་གནང་བ་དང་། ལྷག་དོན་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ལོ་ངོ་བདུན་དང་ཕྱེད་ཀ་གནང་བ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གནང་བ་བཅས་ཀྱི་སྐབས་སུ་ཕྱག་ལས་ཇི་ལྟར་གནང་བ་སོགས་གསལ་བཤད་གནང་།

ཁོང་ད་དུང་ཚེས་ ༢༨ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་པ་དང་གཞིས་གྲོང་མི་མང་དང་། འབྲས་སྤུངས་དགོན་དང་དགའ་ལྡན་དགོན་གཉིས་གཙོས་མོན་གྷོ་འདོད་རྒུ་གླིང་གི་གྲྭ་བཙུན་རྣམས་ལ་གསུང་བཤད་གནང་རྒྱུ་མ་ཟད། ཚེས་ ༣༠ ལྡེ་ར་ལྡུན་དོན་གྲུབ་གླིང་དང་། བདེ་སྐྱིད་གླིང་། ཚེས་ ༣༡ ཚེ་རིང་དོན་ལྡན་གླིང་དང་ཧ་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་། པོན་ཌ་ས་ཧིབ། ཟླ་ ༩ ཚེས་ ༡ ཉིན་ས་སྐྱ་པུ་རུ་ཝ་ལ་དང་ཅན་ལྡི་སྒར་མཐོ་རིམ་སློབ་ཕྲུག་བཅས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།