སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག

ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ལ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པའི་བླ་སྤྱིས། ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་འདུས་མང་ལ་གཏམ་བཤད་དགོན་པའི་ནང་བྱེད་རྒྱུ་བཀག་འགོག་བྱས་པའི་གསལ་བསྒྲགས་བྱས་འདུག

gaden
དགའ་ལྡན་དགོན་པའི་གསལ་བསྒྲགས།

དེ་ཡང་དེང་གི་འཆར་ཨ་ཚོགས་ཀླུ་མཁར་བྱམས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་དུ་མི་མང་ལ་གཏམ་བཤད་བྱེད་པར་སྐྱོད་བཞིན་ཡོད་པ་དང། དགའ་ལྡན་དགོན་པར་སྲིད་སྐྱོང་འོས་མི་སྤྱི་མཚུངས་ལྟར་གཏམ་བཤད་བྱེད་རྒྱུ་ཆོག་མཆན་ཞུས་བཞིན། ངོས་ལེན་གནང་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་༢༣ ཉིན་དགའ་ལྡན་བླ་སྤྱིའི་གསལ་བསྒྲགས་ཤིག་སྤེལ་བའི་ནང། ཕྱི་ཚེས་༢༢ ཉིན་དགའ་ལྡན་བླ་སྤྱིའི་ལྷན་རྒྱས་ཆེད་འཚོགས་ཀྱིས་སྤྱི་མོས་གྲོས་གྲོད་ཆོད་གལ་ཆེན་བཞག་ནས། ཀླུ་མཁར་བྱམས་འདུས་མང་ལ་གཏམ་བཤད་བྱེད་པར་བཀག་འགོག་བྱས་པ། འཛམ་གླིང་རྒྱལ་ཁབ་གང་སར་ཁྱབ་པའི་བོད་རིགས་ཀུན་ལ་བརྡ་འཕྲིན་གསལ་པོ་བཏང་ཡོད་ཅེས་བཀོད་འདུག

དེ་སྔོན་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་གིས་ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་འཇུག་རྒྱུ་མིན་ཞེས་ཐག་གཅོད་བྱས་པས། དེ་ལ་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ད་ལྟ་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་ལྷོ་ཕྱོགས་སུ་མི་མང་ལ་གཏམ་བཤད་ཆེད་བསྐྱོད་སྐབས། སེ་ར་དགོན་པར་རྒྱུད་སྨད་གྲྭ་ཚང་གི་བྱེད་ཕྱོགས་དེ་ལ་བསྟོད་བསྔགས་གནང་ཡོད་པ་དང། གནས་ཚུལ་དེ་ལ་བརྟེན་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་ཚད་ལྡན་ཞིག་བེད་སྤྱད་པ་ལ། ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར། འོས་མི་ཚང་མ་ལ་གཏམ་བཤད་བྱེད་པའི་ཐོབ་ཐང་ཡོད་དགོས་པ་གལ་ཆེན་ཡིན་སྐོར་རྩོམ་རིག་མང་དག་ཞིག་ཐོན་ཡོད་པ་རེད། ཐེངས་འདིར་དགའ་ལྡན་དགོན་པའི་ཐག་གཅོད་དེར་ངོ་དེབ་སོགས་ཀྱི་ནང་དུ་དགག་པ་རྒྱག་མཁན་དང་བསྟོན་བསྔགས་བྱེད་ཀྱང་ཡོང་གི་ཡོད་པ་རེད།

lu
ཏཱ་ལའི་བྨ་མཐོ་སློབ་ཀྱི་མཐོ་རིམ་སློབ་གཉེར་བའི་ཟུར་དུ་གཏམ་བཤད་གོ་སྒྲིག་སྐབས།

དེ་བཞིན་གནས་ཚུལ་གཞན་ཞིག་ལ། ཏཱ་ལའི་བླ་མ་མཐོ་སློབ་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་ཡང་སྲིད་སྐྱོང་འོས་མི་གཞན་ལ་གཏམ་བཤད་ཀྱི་ཆོག་མཆན་སྤྲད་པ་བཞིན། ཨ་ཚོགས་ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་པའི་ཆོག་མཆན་ཞུས་སྐབས་དང་པོ་གནང་ཡོད་ནའང་། ཁོང་ས་གནས་སུ་འབྱོར་མཚམས་འགན་འཛིན་ལྷན་ཚོགས་སྐབས་ཐག་གཅོད་བྱུང་སོང་ཞེས་ཁོང་ལ་གཏམ་བཤད་བྱེད་ན་མི་འགྲིག་ཚུལ་བཤད་ཡོད་འདུག འོན་ཀྱང་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་ཕྲུག་ཚོས། ཨ་ཚོགས་ཀླུ་མཁར་བྱམས་ལ་སྐད་བཏང་ནས། རང་མོས་ཀྱི་ཐོག་ནས་མཐོ་སློབ་ཀྱི་ཕྱི་ལོགས་སུ། གཏམ་བཤད་གོ་སྒྲིག་བྱས་ཏེ་གཏམ་བཤད་བྱས་ཐུབ་པ་བྱུང་ཡོད་འདུག

སྤྱི་ཚོགས་ནང་འོས་བསྡུའི་སྐབས་འོས་མི་ཚང་མའི་འཆར་གཞི་དང་འབྲེལ་བའི་ལས་དོན་ཕྱོགས་ཀྱི་གཏམ་བཤད་ལ་ཉན་རྒྱུ་གལ་ཆེན་པ་ཡིན་པ་དང་། བོད་མི་གནས་སྡོད་མང་སའི་ས་གནས་ཁག་གི་དགོན་སྡེ་དང་ཚོགས་སྡེ་ཁག་གིས་ཀྱང་འོས་མིའི་བར་ལངས་ཕྱོགས་གང་ཡིན་ལ་དབྱེ་འབྱེད་མེད་པར་བགྲོ་གླེང་བྱེད་བཅུག་ཐུབ་ན་ཡག་པོ་ཡོད་སྐོར་ཡང་གསུངས་མཁན་ཡང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།