སྲིད་སྐྱོང་འོས་མི་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་མ་འོངས་ལས་དོན་སྲིད་བྱུས་གསལ་བསྒྲགས་གནང་སོང་། 

ཟླ་༡༠ པའི་ཚེས་༢ ཉིན་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། ཕྱི་ལོ་༢༠༢༡ ཀྱི་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་དང་། གལ་སྲིད་ཁོང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཚེ་མ་འོངས་ལས་དོན་བྱེད་འཆར་ཁག་གི་སྲིད་བྱུས་གསལ་བསྒྲགས་གནང་སོང་།

དེ་ཡང་ཁོང་གིས་གསུང་དོན་ལ། ད་བར་མི་ལོ་༣༣ ལྷག་གི་རིང་བོད་མིའི་སྤྱི་ཚོགས་ནང་ཕྱོགས་ལྷུང་ནམ་ཡང་མེད་པའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གི་ནང་ཆབ་སྲིད་དང་། འཛིན་སྐྱོང་། ཤེས་ཡོན། སྤྱི་ཚོགས་ཞབས་ཞུ། དེ་བཞིན་ལས་འཆར་བཟོ་བཀོད་སོགས་ཀྱི་འགན་ཁུར་བྱས་པའི་ཉམས་མྱོང་དང་། ལྷག་པར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་། གཞན་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་སོགས་དང་འབྲེལ་ལམ་གནང་ཐད་ཀྱི་ཉམས་མྱོང་ཚད་ལྡན་བཅས་ཡོད་སྟབས། རྒྱབ་སྐྱོར་གནང་མཁན་རྣམས་ཀྱི་རེ་འདུན་དང་། རང་ངོས་ནས་ཀྱང་དེ་ལྟར་ཞབས་ཞུ་བྱ་རྒྱུའི་ཐག་གཅོད་ཐོག་བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་གི་འོས་མིར་ལང་བཞིན་ཡོད་པ་ལས། རྐུབ་བཀྱག་དང་མིང་གི་ཆེད་དུ་ལང་གི་མེད། དེ་བཞིན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ས་གནས་ཁག་ཏུ་དྲིལ་བསྒྲགས་སྐོར་བསྐྱོད་དུ་འགྲོ་རྒྱུ་ཡིན་མིན་འདྲི་མཁན་མང་པོ་ཡོད་པ་ལྟར། ད་བར་ལོ་ངོ་༡༥ རིང་སྤྱི་འཐུས་ལ་འདེམས་ཐོན་བྱུང་སྐབས་སུ། ས་གནས་ཁག་ཏུ་དྲིལ་བསྒྲགས་ཆེད་དུ་འགྲོ་མྱོང་མེད་ཀྱང་། ཐུགས་སྣང་ཡོད་མཁན་མི་མང་ཚོས་འོས་ཤོག་བླུགས་ནས་འདེམས་ཐོན་བྱུང་ཡོད་པ་དང་། དེའི་ཐོག་འདི་ལོར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་སྐོར་བསྐྱོད་འགྲོ་རྒྱུ་སྟབས་བདེ་མེད་པ། དེ་བཞིན་ས་གནས་ཁག་ཏུ་མི་འབོར་མང་ཉུང་ལ་བརྟེན་ནས་དྲིལ་བསྒྲགས་སྐོར་བསྐྱོད་འགྲོ་རྒྱུ་དེ་ཡག་པོ་མཐོང་གི་མེད་པས། ས་གནས་ཁག་ཏུ་སྐོར་བསྐྱོད་འགྲོ་འཆར་མེད་ཀྱང་། ཐུགས་སྣང་ཅན་ཚོས་འོས་ཤོག་བླུགས་ཆེད་དུ་རང་ཉིད་འོས་མིར་ལངས་བ་དང་མ་འོངས་ལས་དོན་བྱེད་འཆར་ཁག་བརྒྱུད་ལམ་ཁག་བརྒྱུད་ནས་གསལ་བསྒྲགས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

ཁོང་གིས་འཛིན་སྐྱོང་ཚགས་ཚུད་དང་། འཐབ་རྩོད་དང་ཆབ་སྲིད་རྒྱུན་སྐྱོང་། སྤྱི་ཚོགས་སྲ་བརྟན། དཔལ་འབྱོར་ཐབས་འཚོལ་བཅས་ཀྱི་ཐོག་ཏུ་མ་འོངས་ལས་དོན་གནང་འཆར་ཐོག་གསུང་བཤད་གནང་སོང་།

དེ་ཡང་འཛིན་སྐྱོང་ཚགས་ཚུད་འོག་ཏུ། སྲི་ཞུ་ལས་བྱེད་རྣམས་སྦྱོང་བརྡར་གོ་སྒྲིག་དང་མཐུན་རྐྱེན་ལེགས་ཏུ་གཏོང་བ། གཞིས་ཆགས་ཁག་གི་མཉམ་འབྲེལ་ཁག་དང་ཚོགས་སྡེ་ཁག བོད་མིའི་ཚོང་པ་ཆེ་ཆུང་ཁག རྒན་རབས་དང་ཉམ་ཐག་ལ་གཟིགས་རྟོགས། ནང་མི་བུ་ཕྲུག་མང་བའི་ཁྱིམ་ཚང་ལ་དམིག་བསལ་མཐུན་སྦྱོར་། འཕྲོད་བསྟེན་མཐུན་སྦྱོར་སོགས་ཀྱི་ལས་དོན་ཚགས་ཚུད་གཏོང་རྒྱུ།  བལ་ཡུལ་དང་འབྲུག་ཡུལ་ནང་དུ་བོད་མི་གནས་སྡོད་རྣམས་དཀའ་ངལ་སེལ་ཐབས། དེ་བཞིན་སློབ་གྲྭ་ཁག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སྡེ་ཚན་གཅིག་དང་། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྡེ་ཚན་གཅིག འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་དུ་དབྱེ་རྒྱུ། སློབ་གྲྭ་ཁག་གི་སློབ་མ་དང་མཐོ་སློབ་ཀྱི་སློབ་མ། ཉམས་ཞིབ་སློབ་མ་སོགས་ཀྱི་ཤེས་ཡོན་ཡར་རྒྱས་དང་མཐུན་རྐྱེན་ཚགས་ཚུད་གཏོང་རྒྱུ་སོགས་ཀྱི་སྐོར་དང་གསུང་བཤད་གནང་སོང་།

བོད་མིའི་འཐབ་རྩོད་དང་ཆབ་སྲིད་རྒྱུན་སྐྱོང་འོག་ཏུ། བོད་རྒྱ་གྲོས་མོལ་རྒྱུན་སྐྱོང་ཡོང་ཐབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། སྒྲིག་འཛུགས་ཁག་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་བརྒྱ་ལྷག་འཇོག་ཐུབ་ཡོད་པར། དེ་དག་འཇུག་སྐྱོང་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ། བོད་རྒྱ་གྲོས་མོལ་ཚོགས་ཆུང་དེ་ཉིད་ཀྱི་ངོ་བོ་དང་ལས་དོན་གནང་ཕྱོགས་ཐོག་བསྐྱར་ཞིབ་བྱ་རྒྱུ། རྒྱ་ནག་སྲིད་གཞུང་གི་ལྷན་བོད་རྒྱའི་དཀའ་རྙོག་སེལ་སླད་གྲོས་མོལ་སླར་གསོ་ཡོང་ཐབས་འབད་བརྩོན་བྱ་རྒྱུ་བཅས་ཀྱི་ཐོག་ལ་འགྲེལ་བརྗོད་གནང་སོང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོངས་ཐབས་སུ།  བཙན་བྱོལ་ནང་ཡོད་བོད་མི་རྣམས་ནང་ཁུལ་ཕན་ཚུན་རྙོག་གླེང་མེད་པའི་ཐོག་འཛིན་སྐྱོང་ཚགས་ཚུད་དང་འཐབ་རྩོད་རྒྱུན་སྐྱོང་། དཔལ་འབྱོར་མཐུན་འགྱུར་སོགས་ཀྱི་ཐོག་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཡོང་རྒྱའི་སློབ་གསོ་ལམ་སྟོན་གནང་རྒྱུ། གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་ཉིད་མུ་མཐུད་དེ་གནས་ཐབས་གནང་རྒྱུ། ལྷག་པར་བོད་མི་རྣམས་གཅིག་ཏུ་སྒྲིལ་བའི་མཚོན་རྟགས་གཙོ་བོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཡིན་པ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ནི་ང་ ཚོའི་ཆིག་སྒྲིལ་གྱི་ནུས་པ་ཡིན། དེ་བཞིན་བོད་དང་བོད་པ། བོད་ཀྱི་སྐད་ཡིག་དང་ཆོས། བོད་ཀྱི་རིག་གནས་རྣམས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡིན། དེ་མིན་སོ་སོའི་ཞབས་བཀྱག་གི་ཁེ་ཕན་ལ་བརྟེན་ནས་སྤྱི་ཚོགས་ནང་ཕྱོགས་ལྷུང་བཟོ་མཁན་གྱི་ཕྱོགས་སུ་མི་འགྲོ་བའི་སློབ་གསོ་ལམ་སྟོན་བྱ་རྒྱུ་ཡིན་སྐོར་གསུང་བཤད་གནང་སོང་། 

དབལ་འབྱོར་ཐབས་འཚོལ་འོག་ཏུ། རྒྱ་གར་དང་ཨ་རིས་གཙོས་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་རོགས་སྐྱོར་གནང་མཁན་རྣམས་ནས་མུ་མཐུད་དེ་རྒྱབ་སྐྱོར་གནང་ཐོག་དེ་བཞིན་དཔལ་འབྱོར་ཐབས་འཚོལ་གྱི་ལས་གཞི་དགོས་མཁོ་དང་བསྟུན་ཏེ་དཔལ་འབྱོར་ཐོབ་ཐབས་བྱ་རྒྱུ། དོན་གཅོད་རྣམས་ནས་ཆབ་སྲིད་དང་དཔལ་འབྱོར་ཐབས་འཚོལ་གྱི་འགན་ཁུར་བཞེས་བཞིན་ཡོད་སྟབས། དེའི་ཐོག་དམིགས་བསལ་དཔལ་འབྱོར་ཐབས་འཚོལ་གནང་ཕྱོགས་ཐད་ཚོགས་འདུ་ཞིག་འཚོགས་གནང་རྒྱུ། ཕྱི་ནང་གཉིས་ནས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་རོགས་སྐྱོར་གནང་མཁན་རྣམས་ཀྱི་ལྷན་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ། བཙན་བྱོལ་བོད་མིའི་དཔལ་འབྱོར་གཙོས་སྤྱི་ཡོངས་ཀྱི་གནས་བབ་ཐོག་བསྐྱར་ཞིབ་གནང་རྒྱུ་བཅས་ཀྱི་ཐོག་གསུང་བཤད་གནང་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།