སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་ངོས་ནས་“འོས་བསྡུ་ལས་ཁུངས་ཀྱི་ཐག་གཅོད་”ལ་གུས་བཀུར་ཞུ་ཡི་ཡོད་ཅེས་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཐད་ལ་བཀའ་ཤག་གི་ལངས་ཕྱོགས་གང་ཡིན་དྲིས་པར། ཁོང་གིས་“འོས་བསྡུ་ལས་ཁུངས་ཀྱི་ཐག་གཅོད་ག་རེ་གནང་བ་དེ་ག་རང་ལ་”བརྩི་བཀུར་ཞུ་ཡི་ཡོད་ཅེས་གསུངས་སོང་།
དེ་རིང་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ་བསྡུས་པའི་གསར་འགོད་ལྷན་ཚོགས་ཐོག། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ད་ལྟའི་སྤྱི་འཐུས་ཀྱི་དཀའ་རྙོག་དང་འབྲེལ་བའི་གནས་སྟངས་སྐོར་གསུང་སྐབས། ཁོང་གིས“སྤྱི་འཐུས་”དང་“འདེམས་ཐོན་སྤྱི་འཐུས་”ཞེས་པའི་མིང་ཚིག་མི་འདྲ་བ་གཉིས་བཀོལ་སྤྱོད་གནང་སོང་བ་དང་། གསར་འགོད་པས་ཁོང་ལ་བཀའ་ཤག་གིས་ངོས་ནས་༧སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུ་མཁན་ཚོར་སྤྱི་འཐུས་སུ་ངོས་འཛིན་ཞུ་ཡི་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་འཛིན་སྐྱོང་བཀའ་ཤག་གིས་འོས་བསྡུ་ལས་ཁུངས་ཀྱིས་ཐག་གཅོད་གང་གནང་བ་དེ་ག་རང་ལ་བརྩི་བཀུར་ཞུ་ཡི་ཡོད་ཅེས་གསུངས་སོང་།
ཁོང་གིས་“འོས་བསྡུ་ལས་ཁུངས་ཀྱི་ཡོངས་ཁྱབ་གནང་ཟིན་པ་རྣམ་པ་ཚོས་ཚང་མས་མཁྱེན་གྱི་ཡོད་རེད་བ། འོས་བསྡུ་ལས་ཁུངས་ཀྱི་ཐག་གཅོད་ག་རེ་གནང་བ་དེ་ག་རང་[རེད།] བོད་མིའི་སྒྲིག་འཛུགས་ཀྱི་ཡན་ལག་སྤྱི་དང་འབྲེལ་བ་ཡོད་པའི་ཐག་གཅོད་གནང་མཁན་དེ་དབུས་འོས་བསྡུ་ལས་ཁུངས་ཆགས་བསྡད་ཡོད་རེད། དེ་ཡིན་པས། འོས་བསྡུ་ལས་ཁུངས་ཀྱིས་ཐག་གཅོད་གང་གནང་བ་དེ་ག་རང་ལ་བརྩི་བཀུར་ཞུ་ཡི་ཡོད—འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ན་བརྩི་བཀུར་ཞུ་ཡི་ཡོད་”ཅེས་གསུངས་པའི་ཐོག “ད་ལྟ་དམ་བཅའ་འབུལ་རྒྱུ་དེ་བཅའ་ཁྲིམས་ནང་ལོགས་ལ་དོན་ཚན་གཅིག་མ་གཏོགས་ཡོད་མ་རེད། དེ་གསལ་པོ་ཞིག་རེད། དེ་བཅའ་ཁྲིམས་དོན་ཚན་ ༤༧ པ་དེ་རེད་”ཅེས་བསྣན་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༤༧ ནང་དུ། “འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་”ཞེས་གསལ་ཡོད།
ཡིན་ན་ཡང་། ༧སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་མདུན་ནས་དམ་བཅའ་འབུལ་མཁན་གྱི་སྤྱི་འཐུས་ ༢༢ ཀྱིས་“བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད་”ཅེས་བཤད་དེ་ཁྲིམས་ཞིབ་པ་གསུམ་ཁྲིམས་མཐུན་ཡིན་པའི་ངོས་ལེན་བྱས་མེད།
འདི་ལོའི་ཕྱི་ཟླ་ ༣ པའི་ནང་སྐབས་ ༡༦ པའི་གྲོས་ཚོགས་ཀྱིས་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ལྷག་གི་རྒྱབ་སྐྱོར་འོག་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུའི་གཞུང་འབྲེལ་གྲོས་ཆོད་བཞག་པའི་རྗེས་སུ། ཁྲིམས་ཞིབ་པ་གསུམ་གྱིས་“བཅའ་ཁྲིམས་དང་འགལ་མེད་”ན་ཡང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན་”ཞེས་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། བཀའ་སྤྱི་གཉིས་ཐུན་མོང་ཐོག་ནས་ཁྲིམས་ཞིབ་པ་གསར་པ་འདེམས་སྒྲུག་བྱེད་མཁན་གྱི་ཚོགས་ཆུང་ཡང་བཙུགས་ཡོད། (ཚོགས་ཆུང་དེས་ཁྲིམས་ཞིབ་པ་གསར་པའི་འོས་མི་འཚོལ་ཐུབ་མེད།)
འོན་ཀྱང་། གྲོས་ཆོད་དེ་བཞག་ནས་ཟླ་བ་གཉིས་ཀྱི་རྗེས་ཏེ། ཕྱི་ཟླ་ ༥ པའི་ཟླ་སྨད་དུ་གྲོས་ཚོགས་ཀྱིས་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་གྱིས་“སྐབས་༡༦ པའི་སྤྱི་འཐུས་ལས་ཐོག་གྲངས་༡༩ ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གྲངས་༢ ནས་ཕྱག་བྲིས་སོ་སོར་ངེད་ཅག་མིང་སྨོས་ཀྱིས་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ངེད་ཅག་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་འདུག་པ་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་བཤིག་ཟིན་ནས། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན།” ཁོང་རྣམ་པ་གསུམ་གྱིས་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད།
ཐོག་མར་གྲོས་ཚོགས་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་། དེ་ནས་ཁྲིམས་ཞིབ་པ་གསུམ་ལས་གནས་སུ་ཕྱིར་ལོག་པ་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཉེ་བའི་ལོ་ངོ་བཅུ་ཕྲག་ནང་གི་རྩོད་གཞི་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ཁྲིམས་མཐུན་ཡིན་མིན་གྱི་རྩོད་རྙོག་དེ་ལ་བརྟེན་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་དམ་འབུལ་བྱེད་ཡུལ་ཡང་བར་བརྒལ་ཚོགས་གཙོ་དང་༧སྐུ་པར་དང་བཅའ་ཁྲིམས་གཉིས་སུ་གྱུར་སྟབས། ད་ལྟའི་ཆར་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། བཀའ་ཤག་གི་བཀའ་བློན་རྣམས་འདེམས་མི་ཐུབ་པའི་གནས་སྟངས་ཤིག་གི་ནང་དུ་ལྷུངས་ཡོད།
སྤྱི་འཐུས་ཀྱི་དམ་འབུལ་ཞུ་ཡུལ་གཉིས་སུ་གྱུར་བའི་གནད་དོན་དེའི་ཐད་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ “བཀའ་ཤག་གི་ལངས་ཕྱོགས་དེ་ཐོག་མ་ཉིད་ནས། དམ་འབུལ་གྱི་མཛད་རིམ་འབྱོར་བའི་སྐབས་ལ། ཚེས་ ༨ ཀྱི་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ལ་བར་བརྒལ་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བ་ལ་དམ་བཅའ་འབུལ་རྒྱུ་དང་། སྤྱི་འཐུས་ཁག་ཅིག་གིས་བཞུགས་ཁྲི་དང་བཅའ་ཁྲིམས་ལ་དམ་བཅའ་ཕུལ་རྒྱུ་ཡིན་ཟེར་བ་དེ་དུས་མཉམ་བཞག་བཞག དེ་འཛམ་བུ་གླིང་སུ་གཅིག་གི་འགྲོ་སྲོལ་ལ་ཡོད་མ་རེད། ད་ལྟའི་གནས་སྟངས་དེ་ལ་འཛམ་བུ་གླིང་ལ་བྱུང་མེད་པའི་གནས་སྟངས་མང་པོ་ཞིག་ང་ཚོ་ལ་ཡོང་བསྡད་ཀྱི་ཡོད་རེད་”ཅེས་གསུངས་པའི་ཁར། “ཁྲིམས་དཔོན་འཕོ་འགྱུར་བྱེད་རྒྱུའི་བརྒྱུད་རིམ་འདྲ་བོ་ཡིན་ན་ཡང་། ཁྲིམས་དཔོན་གསུམ་ཀ་འཕོ་འགྱུར་བཏང་ཟེར་དུས་གནད་དོན་གལ་ཆེན་པོ་ཞེ་བུ་རེད—ཛ་དྲག་པོ་ཞེ་བུ་རེད། དེ་འདྲ་ཡིན་དུས་དེ་ཚོ་དུས་ཡུན་ཐུང་ཐུང་ཞེ་བུ་ཞིག་གི་ནང་ལ་འཕོ་འགྱུར་བྱེད་རྒྱུ་དང་། དམ་བཅའ། བཅའ་ཁྲིམས་ནང་ལ་གསལ་བ་དང་མ་གསལ་བ་ཁག་གཉིས་འབུལ་རྒྱུ་དེ་ང་རང་ཚོའི་ལོ་རྒྱུས་ནང་ལ་ཐེངས་མ་དང་པོ་བྱུང་གི་ཡོད་རེད། ཕལ་ཆེར་འཛམ་བུ་གླིང་གཞན་པ་ནང་ལ་དེ་འདྲ་བྱུང་ཡོད་པ་དེ་ངས་ཤེས་ཀྱི་མེད། བཅའ་ཁྲིམས་ནང་ལ་ཁ་གསལ་པོ་ཡོད་པ་དེ་བཅའ་ཁྲིམས་གཞིར་བཟུང་བྱེད་ཐུབ་པ་ཡིན་ན་ང་ཚོ་ཏག་ཏག་ཡོད་རེད་མ་གཏོགས། ད་གིན་ངས་གོང་དུ་ཞུས་པ་ནང་བཞིན་མང་གཙོའི་ལམ་སྲོལ་ནང་ལ་ཁྲིམས་དང་སྒྲིག་གཞི་གཞི་ཟེར་བ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་རེད། ལྷག་པར་དུ་བཅའ་ཁྲིམས་དེ་ཨ་མ་ཆགས་ཀྱི་ཡོད་རེད། ཁྲིམས་ཀྱི་ཨ་མ་དེ་གཏོར་བ་ཡིན་ན། ཁྲིམས་གཞན་པ་ཚང་མ་རང་བཞིན་གྱིས་ལུག་འགྲོ་བའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་རེད་”ཅེས་བསྣན་སོང་།
གཞན་ཡང་། གསར་འགོད་ལྷན་ཚོགས་དེའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་སྟོན་དེ་བོད་མི་ཚོ་ལ་དགའ་དགའ་སྤྲོ་སྤྲོ་བྱེད་དགོས་པའི་གནས་གང་ཡང་ཆགས་ཡོད་མ་རེད་གསུངས་སོང་།
ཁོང་གིས་དེ་འདྲའི་ལོ་བརྒྱ་འཁོར་བའི་“དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུའི་གནས་སྟངས་ཡོད་རེད་དམ་མ་རེད་ཟེར་བའི་དྲི་བ་དེ་རང་བཞིན་གྱི་བསླེབས་བསྡད་ཀྱི་ཡོད་རེད། གཞུང་སྲིད་སྐྱོང་མཁན་གྱི་འགན་གཙོ་བོ་དེ། མི་མང་གི་བདེ་བ་སྒྲུབ་རྒྱུ་དེ་རེད—བདེ་བ་སྒྲུབ་དགོས་ཀྱི་ཡོད་རེད། རྒྱ་ནག་ནང་ལོགས་ལ་ཡོད་བསྡད་པའི་རྒྱ་མི་རིགས་མཚོན་པའི་ང་ཚོ་མི་རིགས་གཞན་པ་དེ་དག་སྟེ། བོད་པ་ཡིན་ན་རེད། ཡུ་གུར་ཡིན་ན་རེད། སོག་པོ་ཡིན་ན་རེད། ཐའེ་ཝན་གྱི་གནས་ཚུལ་རེད། དེ་བཞིན་ཧོང་ཀོང་བཅས་པའི་ས་ཁུལ་ནང་དུ་ཡོད་པའི་མི་མང་དེ་དག་ལ་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་ཅིག་ཡོད་རེད་དམ་མ་རེད་ཅེས་པ་དེ་དྲི་ཆེ་ཆེན་པོ་ཞིག་རེད། དེ་མངོན་གསལ་དོད་ཤོས་དེ་ག་རེ་རེད་ཟེར་ན། འཛམ་བུ་གླིང་གི་ནང་ལ་རྒྱལ་ཁབ་མང་པོ་ཡོད་རེད་དེ། རྒྱལ་ཁབ་མང་ཆེ་བ་ཞིག་གིས་ཕྱིའི་དགྲ་ནས་སྲུང་སྐྱོབ་བྱེད་རྒྱུའི་ཐོག་ལ་འགྲོ་སོང་གང་ལ་གང་འཚམ་ཞིག་གཏོང་གི་ཡོད་རེད། འཛམ་བུ་འདིའི་ནང་ལ་ཕལ་ཆེར་རྒྱ་ནག་གཅིག་པུ་གཅིག་གིས་ཕྱིའི་དགྲ་ནས་སྲུང་སྐྱོབ་བྱེད་པ་ལས་སོ་ཚོའི་མི་མང་སྒང་ལ་དམ་དྲག་བྱེད་རྒྱུ་དེ་ཚོའི་ཐོག་ལ་འགྲོ་སོང་མང་བ་བཏང་བསྡད་ཀྱི་ཡོད་རེད། དེ་ག་རང་ནས་རྒྱ་ནག་ཁྱོན་ཡོངས་དང་བོད་ནང་གི་གནས་སྟངས་ག་འདྲ་ཡིན་པ་རང་བཞིན་གྱིས་གསལ་པོ་རེད། དེ་འདྲ་ཡིན་དུས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ལྟ་སྟངས་བྱས་པ་ཡིན་ན། དམར་ཤོག་དབུ་བརྙེས་ནས་ལོ་ ༡༠༠ འགྲོ་ཡི་ཡོད་ན་འདྲ་འདུག བོད་བཅིངས་གྲོལ་ཟེར་བ་དེ་བཏང་ཡིན་ཟེར་ན་ལོ་ ༧༠ འགྲོ་ཡི་ཡོད་ན་ཡང་། བོད་ནང་གི་བོད་མི་དེ་དག་བདེ་སྐྱིད་སྐྲུན་ཐུབ་མེད་པ་དེ་རང་བཞིན་གྱིས་གསལ་པོ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་དཀོན་མཆོག་རབ་བརྟན།