སྲིད་སྤྱི་གཉིས་ཀྱི་འོས་འཕེན་པའི་དེབ་འགོད་གོ་སྐབས་གཉིས་པ་སྤྲད་འདུག
༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་འཕེན་ནང་ད་བར་མིང་གཞུང་དེབ་འགོད་བྱེད་མ་ཐུབ་པ་རྣམས་ལ་“སླར་ཡང་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༣ ནས་༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་”བྱེད་པའི་གོ་སྐབས་གཉིས་པ་སྤྲད་འདུག
དེ་རིང་སྟེ་ཕྱི་ཟླ་༡༡ ཚེས་༡༦ རེས་གཟའ་ཟླ་བའི་ཉིན་རྒྱབ་ལ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག དབུས་འོས་བསྡུ་ལས་ཁང་ནས་ལོ་རྗེས་མའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་ད་བར་དུ་དེབ་འགོད་བྱེད་མཁན་གྱི་ཁ་གྲངས་ཇི་བྱུང་གསུངས་པའི་ཐོག ད་དུང་ཡང་དེབ་འགོད་བྱེད་མ་ཐུབ་པའི་རིགས་ལ་གོ་སྐབས་གཉིས་པ་སྤྲོད་རྒྱུ་ཡིན་སྐོར་གསུངས་སོང་།
གསར་འགོད་ལྷན་ཚོགས་དེའི་ཐོག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་ད་བར་དུ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་འཕེན་ནང་དུ་དེབ་འགོད་བྱེད་མཁན་གྱི་གྲངས་ཀ་བརྗོད་པའི་ནང་། “རྒྱ་གར་ནང་ཁྱོན་བསྡོམས་འོས་འཕེན་པ་གྲངས་༥༥༦༨༣ དང་ཕྱི་རྒྱལ་ཁག་ནང་འོས་འཕེན་པའི་གྲངས་༢༤༠༡༤ བཅས་”བྱུང་འདུག་པས། ལོ་རྗེས་མའི་འོས་བསྡུ་ཆེན་མོའི་ནང་ད་ལྟ་“འོས་འཕེན་པ་ཁྱོན་བསྡོམས་གྲངས་༧༩༦༩༧ བྱུང་ཡོད་”འདུག
དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་དེའི་ནང་། ཕྱི་ལོ་༢༠༢༡ ཟླ་༩ ཚེས་༡ ནས་ཟླ་༡༠ ཚེས་༡༥ བར་གྱི་དུས་ཡུན་ནང་དེབ་འགོད་བྱེད་མ་ཐུབ་པར་ལྷག་ཡོད་པའི་མི་རྣམས་ལ་གོ་སྐབས་གཉིས་པ་སྤྲོད་ཀྱི་ཡིན་སྐོར་བསྒྲགས་སོང་སྟེ། “ཉེ་ལམ་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུའི་ཟབ་སྦྱོང་ཕུལ་སྐབས། ས་གནས་མང་དག་ནས་དགོངས་འཆར་བྱུང་བར་དབུས་འོས་བསྡུ་ལས་ཁང་ནས་དགོངས་བཞེས་ཀྱིས། སླར་ཡང་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༣ ནས་༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་བྱ་བསྡད་ཡོད་རིགས་ལ་གོ་སྐབས་གཉིས་པ་འབུལ་གཏན་འཁེལ་བ་ཡིན་”ཞེས་གསུངས་སོང་།
དེ་མིན་ད་དུང་། དབུས་འོས་བསྡུ་ལས་ཁང་ནས་“གོང་ཚེས་རྗེས་ཀྱི་འོས་འཕེན་པ་རང་ལོ་༡༨ ཧྲིལ་པོ་གསར་དུ་ལོན་རིགས་རྣམས་༢༠༢༡ ཟླ་༡ ཚེས་༢ བར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༨ ནང་གསེས་༣ པའི་ ༼ག༽ པ་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཆོག་”ཅེས་ཀྱང་བསྒྲགས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།