སྲིད་སྤྱི་གཉིས་ནས་ཡེ་ཤུའི་བླ་ཆེན་སྐུ་གཤེཌ་པར་ཐུགས་གསོའི་གསུང་འཕྲིན་གནང་འདུག

ཡེ་ཤུའི་བླ་ཆེན་མཆོག་སྐུ་གཤེགས་པར་དཔལ་ལྡན་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ཏེ་ཐུགས་གསོའི་གསུང་འཕྲིན་གནང་འདུག

པར། Firstpost

ཟླ་འདིའི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡེ་ཤུའི་བླ་ཆེན་པོབ་སྐུ་གཤེགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག་པ་དང་། དེའི་ནང་དུ། འཛམ་གླིང་ནང་ཆོས་ལུགས་འཐེན་ཁྱེར་གྱི་དུས་སྐབས་འདིར་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་གིས་སྙིང་རྗེ་དང་མཐུན་གྲོགས་ཀྱི་བསམ་བློའི་མཚོན་དོན་ངོ་མ་ཞིག་ཡིན་པ་དང་། ཁོང་གིས་ཐུགས་གཡོ་བ་མེད་པར་ཉམ་ཐག་འཁོས་ཞན་པ་རྣམས་ལ་རྒྱབ་སྐྱོར་དང་། དབང་ཤུགས་ཅན་ལ་བདེན་པ་བརྗོད་པ། ཁོར་ཡུག་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་གནང་བ་དེས་བོད་བརྒྱུད་ནང་བསྟན་ཚུད་པའི་ཆོས་ལུགས་འདྲ་མིན་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ།

དེ་བཞིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་ལ་གུས་བཀུར་ཆེན་པོ་གནང་བ་མ་ཟད། ལྷག་པར་ཁོང་རྣམ་གཉིས་ཀྱིས་མིའི་རིགས་ཀྱི་འབྲེལ་བ་དམ་ཟབ་ཀྱི་གོ་རྟོགས་ཟབ་མོ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་སྐུ་ལས་མཉམ་སྤེལ་གནང་བ་སོགས་ཀྱི་སྐོར་གསལ་འདོན་དང་།

དཀའ་ངལ་ཆེ་བའི་དུས་སྐབས་འདིར་ང་ཚོ་འཛམ་གླིང་ཡོངས་ཀྱི་ཡེ་ཤུའི་སྤྱི་ཚོགས་དང་ལྷན་དུ་མཉམ་གནས་ཀྱིས་སྐྱོ་གདུང་ཆེན་པོའི་གྱོང་གུན་འདིར་སེམས་གསོ་ཞུ་བཞིན་ཡོད། པོབ་ཧྥ་རན་སི་སི་མཆོག་གི་སྙིང་རྗེ་དང་དྲང་བདེན་ལྡན་པའི་འཛམ་གླིང་གི་དམིགས་ཡུལ་དེས་ང་ཚོ་ཚང་མར་མུ་མཐུད་ལམ་སྟོན་གནང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་དུ་འཁོད་འདུག་ལ།

གཞན་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ལ་ཐུགས་གསོ་ཞུས་ཡོད་པ་དང་།

ཐུགས་གསོའི་གསུང་འཕྲིན་ནང་། ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་དགོངས་པ་རྫོགས་པར་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། ཡེ་ཤུའི་བླ་ཆེན་ཁོང་ནི་ཞི་དུལ་དང་། བྱམས་བརྩེ། བཟང་སྤྱོད་དང་ལྡན་པའི་ཐོག་དབུ་ཁྲིད་ཀྱི་མཛད་འགན་བཞེས་མཁན་ཞིག་ཡིན། དམ་པ་ཁོང་གིས་དབུལ་ཕོངས་ཉམ་ཐག་ལ་གཟིགས་རྟོག་དང་། ཁོར་ཡུག་སྲུང་སྐྱོབ། ཞི་བདེ་དང་གྲོས་མོལ་གོང་མཐོར་གཏོང་ཐབས་ཀྱི་མཛད་ཁུར་བཞེས་པའི་ཐོག་ནས། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཙམ་མ་ཡིན་པར། འཛམ་གླིང་འདིར་གནས་པའི་མི་ཧ་ཅང་མང་པོར་སེམས་ཤུགས་སྤར་ཡོད་པ་མ་ཟད། ཤུགས་རྐྱེན་ཡང་ཟབ་མོ་ཐེབས་ཡོད། དམ་པ་ཁོང་གི་མཛད་རྗེས་རྣམས་མི་རབས་ནས་མི་རབས་བརྒྱུད་མུ་མཐུད་གནས་ངེས་ཡིན།

ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་མཁན་དང་། ཁོང་གི་རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་གུས་བཀུར་དང་། ཡིད་སྨོན་ཆེན་པོ་ཞུས་པའི་ཐོག ཡིད་སྐྱོ་བའི་དུས་སྐབས་འདིར། ང་ཚོས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་ཐོག་འཁོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།