སྲིད་སྤྱི་གཉིས་ནས་ཨ་རིའི་སྲིད་འཛིན་གསར་པ་དང་ཕྱི་སྲིད་དྲུང་ཆེ་ལ་འཚམས་འདྲི་ཞུས།

ཕྱི་ཟླ་༡ ཚེས་༢༣ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐུ་ཞབས་ཌོ་ནལ་ཊམ་ནས་ཨ་རིའི་སྲིད་འཛིན་དམ་འབུལ་ཞུས་པར་འཚམས་འདྲི་གནང་འདུག་པ་དང་། དེའི་ནང་འཁོད་དོན། སྐུ་ཉིད་ཀྱིས་འཛམ་གླིང་གི་དཀའ་ངལ་ཐོག་ཐུགས་ཁུར་དང་། མང་གཙོའི་གཞི་རྩའི་རིན་ཐང་སྲུང་སྐྱོབ་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད། ཁྱེད་ཀྱི་ལས་ཡུན་རིང་ཨ་རིའི་རྒྱལ་ཁབ་ནས་རང་དབང་དང་། མང་གཙོའི་ལམ་ལུགས་འཛམ་གླིང་ཡོངས་ལ་མུ་མཐུད་ཁྱབ་སྤེལ་གནང་རྒྱུའི་རེ་བ་ཡོད་ཅེས་དང་། ཨ་རིའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བར་ངོས་འཛིན་དང་། དེ་ནི་ཨ་རི་དང་བོད་བར་གྱི་མཉམ་ལས་བརྟན་པོ་མཚོན་གྱི་ཡོད་པར་གསལ་སྟོན་གནང་། ཨ་རིའི་སྲིད་གཞུང་ནས་བོད་མིར་རྒྱབ་སྐྱོར་གཡོ་མེད་གནང་བ་དེས་བོད་མི་རྣམས་ལ་དཀའ་ཚེགས་ཆེ་བའི་དུས་སུ་རེ་བ་དང་སྤོབས་པ། དེ་བཞིན་རྒྱབ་སྐྱོར་གནང་བ། གཞན་ཡང་སྐུ་ཞབས་ཊམ་གྱིས་ཕྱི་ལོ་ ༢༠༢༠ ལོར་བོད་ཀྱི་སྲིད་བྱུས་དང་། རྒྱབ་སྐྱོར་ཁྲིམས་འཆར་ལ་མཚན་རྟགས་བཀོད་པ་བཅས་ལ་སྲིད་སྐྱོང་ནས་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་འཛིན་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག་ལ། འཚམས་འདྲིའི་ནང་དུ། ཨ་རིའི་རྒྱལ་ཁབ་ནི་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད། དེ་ལྟར་རྒྱབ་སྐྱོར་གནང་བའི་ཐོག་ནས་ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་སྲུང་སྐྱོབ་གོང་འཕེལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མཚོན་གྱི་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུ་ཉིད་ནས་མུ་མཐུད་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་དང་། ཨ་རིའི་སྲིད་དོན་ཚོགས་པ་དབྱེར་མེད་ཀྱི་ཐོག་ནས་དེ་གའི་གཞུང་དང་། མི་མང་བཅས་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ང་ཚོས་སྔར་ལས་ལྷག་པའི་མཉམ་ལས་གནང་ཐུབ་པའི་རེ་བ་དང་། ཡིད་ཆེས་བརྟན་པོ་ཡོད་པར་གསུངས་པ་དང་། མུ་མཐུད་དུ། སྐུ་ཉིད་ཀྱི་སྲིད་འཛིན་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གང་ལེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གཞན་ཡང་དཔལ་ལྡན་སྲིད་སྐྱོང་ནས་སྐུ་ཞབས་མར་ཀོ་རུ་བྷིའོ་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས་འདུག འཚམས་འདྲིའི་ནང་དུ། ཨ་རིའི་གྲོས་ཚོགས་ནང་ཁོང་གི་ལས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་དང་། བོད་རྒྱ་རྩོད་རྙོག་གི་གནད་དོན་ལ་ཐུགས་ཁུར་གནང་བར་ངོས་འཛིན་ཞུས་ཡོད། སྐུ་ཞབས་རུ་བྷིའོ་མཆོག་གིས་ལས་ཡུན་རིང་ཨ་རི་དང་བོད་བར་གྱི་འབྲེལ་བ་དམ་ཟབ་གཏོང་བ་མ་ཟད། རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཐུན་མོང་གི་རིན་ཐང་དེ་དག་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཅེས་དང་། ཨ་རི་དང་བོད་གཉིས་ཀྱི་འབྲེལ་བ་དང་། བོད་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཨ་རིའི་འགོ་ཁྲིད་ཀྱི་ནུས་ཤུགས་གལ་ཆེན་པོ་ཡིན་སྐོར་དང་། རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་མཉམ་ལས་གནང་རྒྱུའི་རེ་བ་བཏོན་གནང་འདུག