སྲིད་སྤྱི་གཉིས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འདེམས་ཐོན་ཚོགས་གཙོར་འཚམས་འདྲི་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཞབས་མ་ཧིག་ཇོན་སན་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༩ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས། སྐུ་ཞབས་མ་ཧིག་ཇོན་སན་(Mike Johnson) སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་ནས་ཚོགས་གཙོའི་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་། ཁོང་གིས། ཨ་རིའི་རྒྱལ་ཁབ་ནི་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད། དེ་ལྟར་རྒྱབ་སྐྱོར་གནང་བའི་ཐོག་ནས་ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་སྲུང་སྐྱོབ་གོང་འཕེལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མཚོན་གྱི་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུ་ཉིད་ནས་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་དང་།

སྐུ་ཉིད་ཀྱིས་ཚོགས་གཙོའི་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གང་ལེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་འཁོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་།  ཁོང་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན།

པར། བོད་མིའི་སྒྲིག་འཛུགས།

སྤྱིར་ཨ་རིའི་གྲོས་ཚོགས་ནི་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལོ་ངོ་མང་པོའི་རིང་ཆབ་སྲིད་ཚོགས་པ་གཉིས་ཀས་གལ་ཆེའི་རྒྱབ་སྐྱོར་གནང་བ་དེས་ཨ་རིའི་སྲིད་བྱུས་དང་། བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་ཞིག་བསྐྲུན་ཡོད། སྐུ་ཉིད་ཀྱི་ཚོགས་གཙོའི་དུས་ཡུན་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ཕྱག་ལས་གནང་རྒྱུའི་རེ་བ་ཡོད་ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཨ་རིའི་གྲོས་ཚོགས་དང་བོད་མིའི་དབར་གྱི་འབྲེལ་ལམ་ཤུགས་ཆེར་གཏོང་ཆེད་སྐུ་ཞབས་མ་ཧིག་ཇོན་སན་མཆོག་དང་མཇལ་འཕྲད་གནང་འདོད་ཡོད་ཅེས་གསུངས་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་བཀོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ནི་མི་མང་གིས་ཐད་ཀར་འདེམས་ཐོན་བྱུང་བའི་སྐུ་ཚབ་དང་ཁྲིམས་བཟོ་མཁན་རྣམས་ཡིན་ཞིང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ནི་ཆབ་སྲིད་ཀྱི་གནས་རིམ་ཆ་ནས། སྲིད་འཛིན་དང་སྲིད་འཛིན་གཞོན་པའི་རྗེས་ཀྱི་གོ་གནས་མཐོ་ཤོས་དེ་ཡིན་པ་དང་། གྲོས་ཚོགས་སུ་ཁྲིམས་འཆར་གང་ཞིག་འཁྱེར་ཡོང་དུ་འཇུག་མིན་དང་། གྲོས་ཚོགས་ཀྱི་ལས་དོན་ཚོགས་ཆུང་དག་ཏུ་འཐུས་མི་སུ་ཞིག་བསྐོ་མིན་སོགས་ཀྱི་དབང་ཆ་ལྡན། སྐུ་ཞབས་མ་ཧིག་ཇོན་སན་ནི་ཨ་རིའི་སྤྱི་མཐུན་ཚོགས་པ་ནས་ཡིན་ཞིང་། འདེམས་ཐོན་སྲིད་འཛིན་ཊོམ་གྱིས་ཀྱང་། ཁོང་ནི་མི་བཟང་པོ་ཞིག་དང་། སྙིང་རུས་དང་ལྡན་པ། ཆོས་སེམས་ཅན་ཞིག་རེད་ཅེས་བརྗོད་ནས་ཁོང་ཉིད་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་རྒྱུ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་བརྗོད། ད་ཐེངས་ལོ་ན་༥༢ ལ་སོན་པའི་སྤྱི་མཐུན་ཚོགས་པའི་སྐུ་ཞབས་མ་ཧིག་ཧོན་སན་སླར་ཡང་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བ་ནི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་རྒྱལ་ཁ་ཞིག་ཀྱང་ཆགས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།