སྲིད་སྤྱི་གཉིས་ནས་ཨོ་སི་ཁྲུ་ལི་ཡའི་བདམས་ཐོན་སྲིད་བློན་ལ་འཚམས་འདྲི་ཞུས་འདུག

སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་ཡང་བསྐྱར་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ལ་བདམས་ཐོན་བྱུང་བར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་འཚམས་འདྲི་ཞུས་འདུག
དེ་ཡང་སྲིད་སྐྱོང་གི་འཚམས་འཕྲིན་ནང་དུ། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ནས་བོད་མི་སྐྱབས་བཅོལ་བ་དང་། ལྷག་པར་ཆབ་སྲིད་བཙོན་ཟུར་དང་ཁོང་ཚོའི་ནང་མི་རྣམས་ལ་གནས་ཚང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་འཛམ་གླིང་སྤྱི་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཡི་རངས་ཞུ་ཡི་ཡོད་སྐོར།
ཨོ་སི་ཁྲུ་ལི་ཡ་དང་བོད་དབར་གྱི་ལོ་མང་རིང་གི་མཛའ་འབྲེལ་དེ་བོད་མི་རྣམས་ལ་རེ་བ་ཞིག་ཡིན་པ་མ་ཟད། ཁྱེད་ཀྱི་རྒྱལ་ཁབ་ཀྱི་མང་གཙོའི་རིང་ལུགས་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གཡོ་མེད་གནང་བ་དེས་ང་ཚོའི་རེ་འདུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ། ང་ཚོས་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་དེ་སེལ་ཐབས་འབད་བརྩོན་བྱེད་བཞིན་པ་དང་ཆབས་ཅིག ཁྱེད་ཀྱི་དབུ་ཁྲིད་གསར་པའི་འོག་ང་ཚོའི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་བརྗོད་པ་དང་། དེ་བཞིན་བདམས་ཐོན་སྲིད་བློན་ཁོང་གི་དབུ་ཁྲིད་གནང་བའི་རིང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་། རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་མིག་དཔེར་འོས་པའི་ཆོད་སེམས་མུ་མཐུད་གོང་མཐོར་གཏོང་བའི་སྨོན་འདུན་ཞུས་ཡོད་པར་བརྗོད་འདུག

གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོས་ཁོང་སྒེར་གྱི་Xཨེག་སི་བརྒྱུད་ལམ་ཐོག་ཏུ་སྐུ་ཞབས་ཁོང་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་དུ་སླར་ཡང་བདམས་ཐོན་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བོད་མི་རྣམས་ལ་རྒྱུན་རིང་ནས་མཛའ་གྲོགས་བརྟན་པོ་དང་རྒྱབ་སྐྱོར་འགྱུར་མེད་གནང་བར་ཨོ་སི་ཁྲུ་ལི་ཡའི་གཞུང་དང་མི་མང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག་ལ། བདམས་ཐོན་སྲིད་བློན་གྱིས་དབུ་ཁྲིད་པའི་འོག་མུ་མཐུད་ནས་ཀུན་ལ་རེ་བ་དང་། མཐུན་སྒྲིལ། མ་འོངས་བཟང་པོ་བཅས་ཀྱི་སེམས་ཤུགས་སྤེལ་བར་སྨོན་འདུན་ཞུས་འདུག