སྲིད་སྤྱིའི་དངོས་གཞིའི་འོས་མི་འདོན་རྒྱུ་མིན།
ཟླ་འདིའི་ཚེས་༥ ཉིན་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་ཐེངས་འདིའི་འོས་བསྡུ་ཆེན་མོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་རྒྱུ་མཚན་གསུམ་གྱི་ཐོག་ནས། འདོན་རྒྱུ་མིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དུས་རྒྱུན་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས། ཆོལ་ཁ་སོ་སོའི་དབུས་རྒྱུན་ལས་ཁང་ནས། སྲིད་སྐྱོང་དང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི་འདོན་གྱི་ཡོད་པ་དང་། འདི་ལོར་ཡང་དབུས་གཙང་དབུས་རྒྱུན་དང་། མངའ་རིས་སྤྱི་མཐུན་ཚོགས་པས་འོས་མི་བཏོན་ཡོད་ནའང་། ཆུ་བཞི་སྒང་དྲུག་དང་། མདོ་སྨད་ཆོལ་ཁའི་ངོས་ནས་དམིགས་བསལ་གྱིས་འོས་མི་ཁྱབ་བསྒྲགས་བྱས་མེད་པ་རེད།
ཆུ་སྒང་གི་གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༦་༡་༧ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་ཐེངས་ ༦ པ་ཚོགས་གནང་པ་དང་། སྐབས་དེར་འདི་ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་འདོན་མིན་སྐོར་གྱི་གྲོས་ཆོད་ཅིག་བཞག་གནང་མཛད་ཡོད་པ་རེད། དེའང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཁ་སྔོན་ ༢༠༡༥་༨་༢༩ ཉིན་རྒྱུ་མཚན་གཙོ་བོ་ཁག་གསུམ་ལ་གཟིགས་ཏེ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་མིན་པའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། དེར་བོད་མིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལ་དོན་དམ་པའི་འགན་ཁུར་མཁན་དང་། བོད་དོན་འཐབ་རྩོད་ལ་སྙིང་སྟོབས་རབ་ཏུ་ཆེ་བའི་གནད་ཡོད་མི་སྣ་ཁག དེ་བཞིན་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་ལྟར་འདི་ལོར་དངོས་གཞིའི་འོས་བསྡུའི་སྐབས་སུའང་རྒྱུ་མཚན་དེ་གསུམ་པོ་རང་འཇགས་ཐོག་སྲིད་སྤྱི་གཉིས་ཀྱི་འོས་གཞི་གཏན་ནས་མི་འདོན་རྒྱུར་ཐག་གཅོད་བྱུང་ཡོད་པ་ལགས་ན་ཚང་མས་དེ་ལུགས་དགོངས་དབྱིངས་སུ་མངའ་བ་མཁྱེན།
རྒྱུ་མཚན་གསུམ་ནི། གཅིག་ན་བོད་ཀྱི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༥༣ ཙམ་འཁོར་ཡོང་གིན་ཡོད་པ་རེད། ༸གོང་ས་མཆོག་གིས་ཐོག་མ་མང་གཙོ་གསོལ་རས་གནང་པའི་རྒྱུ་མཚན་དང་། གསོལ་རས་གནང་ནས་ད་བར་གྱི་ཐུགས་རེ་གཙོ་བོ་དེ་ཆོལ་ཁ་བྱེ་བྲག་པའི་ལངས་ཕྱོགས་བཟུང་བསྡད་རྒྱུ་ཙམ་མིན་པ། བོད་མི་མི་རེ་ངོ་རེ་ནས་བོད་སྤྱི་པའི་རྩ་དོན་འདི་མགོ་ཚོས་པ་དང་། མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འགན་ཁུར་ཐུབ་རྒྱུ་དེ་ཡིན་པ་ལྟར། ད་ཐེངས་འདི་ནས་༸རྒྱལ་བའི་དགོངས་པ་བཞིན་མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐུབ་ཐབས་ཀྱི་ཆེད་དུ་ཡིན།
གཉིས་ན་འདས་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གནང་སྟངས་དང་། དེ་ལས་ཀྱང་ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་ཕན་ཚུན་འབྲེལ་ལམ་དང་། རྒྱུས་ལོན་ཡོང་རྒྱུར་དེ་ཙམ་ཁག་པོ་མེད་པ་སོགས་ལ་བརྟེན་མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གིན་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།
གསུམ་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་མདོ་སྟོད་ཆོལ་ཁའི་སྒྲིག་འཛུགས་ལྟེ་བ་དང་། མང་ཚོགས་ཀྱི་ཡིད་ཆེས་བྱ་ས་གཙོ་བོ་དེ་ཡིན་དུས་བཀུར་འོས་ལས་ཐོག་སྤྱི་འཐུས་རྣམ་པ་དབུར་བཞུགས་ཐོག འདི་ལོ་མདོ་སྟོད་མང་ཚོགས་ཀྱི་ནང་ནས་གཞོན་སྐྱེས་འདབ་གཤོག་གཉིས་ལྡན་ཅན་གྱི་དང་བླངས་འོས་མི་མང་པོ་ཞིག་ཐོན་ཡོང་བཞིན་འདུག་པས། དེ་དག་ཚང་མ་ལ་ཆེ་མཐོང་དང་གུས་བཀུར་ཞུས་ཏེ། སྔོན་འགྲོའི་འོས་གཞིའི་ནང་གདམས་གསེས་བྱས་ཏེ་འོས་མི་ཟུར་འདོན་ཞུ་མ་དགོས་པ་བྱས་པ་ལྟར་དངོས་གཞིའི་སྐབས་སུའང་དེ་ག་རང་ལ་ཐག་གཅོད་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།།
གསར་འགོད་ཆོས་ཉིད་འོད་ཟེར་གྱིས།