སླར་ཡང་འབྲི་རུ་རྫོང་གི་མི་ཞིག་རྒྱའི་བཙོན་ཁང་གི་མནར་གཅོད་འོག་ནས་འདས་གྲོངས་སུ་ཕྱིན་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣ ལོར་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ནས་ལོ་ངོ་༢༡ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ཕྱི་ལོ་༢༠༢༡ ཟླ་༢ ཚེས་༦ ཉིན་བཙོན་ཁང་གི་མནར་གཅོད་འོག་སྐུ་གྲོངས་པའི་གནས་ཚུལ་བྱུང་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་(Human Rights Watch) ཕྱི་ཟླ་༢ ཚེས་༡༦ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༥༡ ལ་སོན་པའི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་བཙོན་ཁང་གི་ཚད་ལས་འདས་པའི་མནར་གཅོད་འོག་ནས་ཕྱི་ཟླ་༢ ཚེས་༦ ཉིན་ལྷ་སའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག
ཕ་ཡུལ་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་༢༠༡༣ ཟླ་༡༡ ཚེས་༨ ཉིན་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་༢༡ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་གིས་འདས་པའི་ལོ་ངོ་བདུན་ཙམ་གྱི་རིང་ལ་མི་སྤྱོད་འདས་པའི་མནར་གཅོད་བཟོད་དཀའ་བ་གྲངས་ལས་འདས་པ་མྱོང་དགོས་བྱུང་བས། གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ། ཉེ་སྔོན་༢༠༢༠ ཕྱི་ཟླ་༡༡ ཉིན་གསང་བའི་ངང་ལྷ་སའི་སྨན་ཁང་ཞིག་ཏུ་བསྐྱལ་བ་དང་། ཕྱི་ཟླ་༡ ཚེ་༢༩ ཉིན་དཀོན་མཆོག་སྦྱིན་པ་སྨན་ཁང་དུ་ཛ་དྲག་གི་མྱུར་སྐྱོབ་བྱེད་ཀྱི་ཡོད་པས་མི་དྲུག་གི་ཁྲག་སྤྲད་དགོས་སྐོར་བཤད་པར། མི་ཁ་ཤས་ཁྲག་སྤྲད་དུ་སོང་ཡོད་ནའང་ཕྱི་ནས་མི་གཞན་པ་བརྒྱུད་ནས་ཁྲག་སྤྲད་དགོས་པ་ལས་དངོས་སུ་ཐུག་ཏུ་བཅུག་ཡོད་མི་འདུག དེ་ལྟར་ཕྱི་ནས་མི་གཞན་པ་བརྒྱུད་དེ་ཁྲག་སྤྲད་ཡོད་ཀྱང་ནང་དུ་གནས་སྟངས་ག་འདྲ་ཡིན་མིན་མ་ཤེས་པར་གང་འཚམ་ལྷག་ཡོད་པ་དང་། མི་རེ་ཟུང་ལ་ཐུག་ཏུ་བཅུག་པའི་སྐབས་ཁོང་ཀླད་ཁྲག་འདྲེས་ནས་གཟུགས་པོ་ཡོངས་སུ་འགུལ་རྒྱུ་མེད་པ་ཆགས་ཟིན་པ་དང་། ༢༠༢༡ ཟླ་བ་༢ ་ཚེས་༦ གཟའ་སྤེན་པའི་ཉིན་སྨན་ཁང་དེར་སྐུ་གྲོངས་ཡོད་འདུག། དཀོན་མཆོག་སྦྱིན་པའི་ཕའི་མིང་ལ་བསོད་ནམས་དབང་ལྡན་དང་མའི་མིང་ལ་པད་ལྷ་ཟེར་ཞིང་། ཁོང་ཆུང་དུས་ནས་གྲྭ་བ་བྱས་ནས་འགོམ་དགོན་གསར་ཆོས་འཁོར་བྱམས་པ་གླིང་དུ་ཆོས་སྒོར་བཞུགས་མྱོང་ཡོད་པ་རེད། ཁོང་༡༩༨༩ ཟླ་བ་༡༠ པ་ལ་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་འབྱོར་བ་དང་། ༡༩༨༩ ཟླ་བ་༡༠ ཚེས་༢༠ ལ་འབྲུ་གུང་སྐྱབས་མགོན་གྱི་དགོན་པ་འབྲི་གུང་བཀའ་བརྒྱུད་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་འདུག། ༡༩༩༡ ཟླ་བ་༤ ལ་སུ་ཇཱ་བོད་ཁྱིམ་སློད་གྲྭར་ཞུགས་ནས་༡༩༩༦ ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་ཐོན་ཏེ། ཝཎ་མཐོ་སློབ་དུ་སློབ་གཉེར་གནང་མྱོང་ཡོད་འདུག།
ཁོང་ནི་དབྱིན་ཇིའི་སྐད་ཡིག་དང་། རྒྱ་གར་གྱི་སྐད་ཡིག རྒྱ་ནག་གི་སྐད་ཡིག བོད་རང་གི་སྐད་ཡིག་བཅས་སྐད་ཡིག་བཞི་མཁྱེན་མཁན་ཞིག་ཡིན་པ་མ་ཟད། ཕ་ཡུལ་མི་མང་ལ་མཐུན་ལམ་དགོས་སྐོར་དང་། སློབ་སྦྱོང་བྱེད་དགོས་སྐོར། དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་སྐོར་སོགས་སློབ་གསོ་མང་དུ་སྤེལ་མཁན་ཞིག་ཡིན་པས་འབྲི་རུ་རྫོང་གི་ས་གནས་མི་མང་གིས་དགའ་གུས་དང་ཡིད་ཆེས་ཚད་མཐོ་བྱེད་ས་ཞིག་ཡིན་འདུག
དཀོན་མཆོག་སྦྱིན་པ་ཕྱི་ལོ་ ༡༩༩༨ ཙམ་ལ་ཕྱིར་བོད་དུ་ལོག་ནས་ཡུལ་སྐོར་སྣེ་ཤན་གྱི་ཕྱག་ལས་གནང་ན་ཡང་། ཕྱིས་སུ་ཁོང་རྒྱ་གར་དུ་ཐེངས་ཁ་ཤས་འབྱོར་ཞིང་། རྒྱ་གར་དུ་འབྱོར་ཐེངས་ཆེས་མཐའ་མ་དེ་༢༠༡༢ ལོར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་སླེབས་པ་དེ་ཆགས་ཡོད་འདུག
དཀོན་མཆོག་སྦྱིན་པས་༢༠༡༣ ལོར་འབྲི་རུ་རྫོང་གི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་ཕྱི་ལོགས་ཀྱི་གསར་ཁང་ཁག་ལ་སྤྲད་ཡོད་པ་དང་། ཁོང་གིས་༢༠༡༣ ཟླ་༤ པའི་ནང་དུ་ཕྱི་ཕྱོགས་སུ་ཡོད་པའི་ཕ་ཡུལ་གཅིག་པ་འགའ་ལ་བཤད་པའི་སྐད་ཆ་ཆེས་མཐའ་མ་དེའི་ནང་། ”ད་ལྟ་ང་ཆུ་ཁ་ཞིག་ལ་ཡོད། ངའི་རྒྱབ་ཏུ་བལྟ་རྟོག་བྱེད་མཁན་མང་པོ་འདུག་པས་ང་མགྱོགས་པོར་འཛིན་རྒྱུ་གཏན་ཁེལ་ཟིན་འདུག། ང་བཟུང་སོང་རུང་སྐྲག་རྒྱུ་དང་། བསད་སོང་རུང་འགྱོད་རྒྱུ་མེད། ཡིན་ནའང་། དེ་རིང་ནས་ངས་གནས་ཚུལ་ཕལ་ཆེར་སྤྲད་ཐུབ་ས་མ་རེད། ང་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ན་བཟུང་སོང་བའི་རྟགས་ཡིན་”ཞེས་བཤད་ཡོད་འདུག
དཀོན་མཆོག་སྦྱིན་པ་ནི་༢༠༡༣ ལོར་འབྲི་རུ་རྫོང་གི་གནས་རི་ནགས་ལྷ་འཛམ་བྷ་གཏེར་ཁ་སྔོག་འདོན་བྱེད་སར་མི་མང་གིས་ལས་འགུལ་སྤེལ་བཞིན་ཡོད་སྐོར་དང་། དེའི་རྗེས་སུ་མི་སུ་དང་སུ་འཛིན་བཟུང་དང་བཙན་འཁྲིད་བྱས་ཡོད་མེད། ས་གནས་ལ་ཛ་དྲག་ག་འདྲ་ཆགས་ཡོད་མེད་ཀྱི་གནས་ཚུལ་པར་དང་བཅས་པ་ཕྱི་ལོགས་སུ་འཁོ་སྤྲོད་བྱེད་མཁན་ཞིག་ཡིན་འདུག་པ་དང་། ཁོང་འཛིན་བཟུང་བཙན་འཁྲིད་བྱས་པ་ནས་བཟུང་འབྲི་རུ་རྫོང་གི་ཛ་དྲག་གི་གནས་སྟངས་ཕྱི་རུ་གོ་རྒྱུ་དང་ཐོས་རྒྱུས་ཉུང་དུ་ཕྱིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།