སློང་མོ་ལས་ཚོང་རྒྱག་མི་འོས་སམ།

ཆེད་བརྗོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་གཉིས་ངོས་ནས་དཔལ་འབྱོར་གྱི་ཐོག་ནས་རང་གི་རྐང་པའི་སྒང་རང་ཉིད་ལངས་ཐུབ་མིན་ཆེད་བསམ་བློ་གཏོང་དགོས་པའི་གནད་འགག་གཙོ་བོ་ཞིག་ཏུ་གྱུར་ཡོད། ད་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན། རྒྱ་གར་དང་ཨ་རིའི་གཞུང་གིས་གཙོས་ཕྱིའི་རྒྱལ་ཁབ་དུ་མ་ཞིག་ནས་བཙན་བྱོལ་བོད་གཞུང་དང། བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་བླ་མེད་གནང་ཡོད་པ་དང། ད་ལྟའི་ཆར་ལོ་རེ་རེ་བཞིན་དཔལ་འབྱོར་གྱི་ཐོག་ནས་སྐྱབས་བཅོལ་བའི་གཞུང་ཞིག་ལ་མཚོན་ན་གཞན་ལ་ངོ་གནོང་མི་དགོས་ཙམ་དུ་གྱུར་ཡོད། ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ཁྱབ་ཁོངས་དང་བཅས་པའི་ལོ་རེའི་འགྲོ་སོང་དང། མ་དངུལ་གྱི་གནས་སྟངས་གཉིས་བསྡུར་ནས་བལྟས་ན། མ་འོངས་པར་ལོ་ཤས་ལ་རོགས་དངུལ་གཏན་ནས་མ་ཡོང་བའི་དབང་དུ་བཏང་ན་མ་དངུལ་གྱི་ཐོག་ནས་ལོ་གཉིས་གསུམ་ཙམ་མུ་མཐུད་ནས་འགྲོ་སོང་གཏོང་མི་ཐུབ་པའི་གནས་སུ་གྱུར་ཡོད།

ད་བར་མི་རབས་དུ་མའི་རིང་དཀའ་ངལ་ཁྱད་བསད་ཀྱིས་གྲ་སྒྲིག་དུ་མ་ཞིག་བྱས་ཡོད་ཀྱང། ཐོག་མའི་ཆར་གནས་སྐབས་བཙན་བྱོལ་དུ་སྡོད་རྒྱུ་ཙམ་ལས་རིང་པོར་མི་ཐོགས་པར་བོད་ལ་ཕྱིར་ལོག་རྒྱུའི་དགོངས་པ་བཞེས་ཡོད་པ་དང། རྗེས་སུ་གནས་སྟངས་སྣ་ཚོགས་ལ་བརྟེན་མུ་མཐུད་གནས་དགོས་བྱུང་ན་དཔལ་འབྱོར་གྱི་ཐོག་ནས་རང་འགོ་ཐོན་ཐབས་ལ་འབད་དགོས་པའི་བསམ་བློ་བཏང་སྟེ། དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཚོང་ལས་སྡེ་ཚན་གང་མང་ཞིག་བཙུགས་ནས་ཚོང་ལས་གཉེར་ཡོད། རིམ་བཞིན་གཞུང་གི་ཚོང་ལས་ཀྱི་འགོ་ཁྲིད་མཁན་རྣམས་ཀྱིས་སྤྱི་དོན་ལས་སྒེར་དོན་མང་བ་བསྒྲུབས་ཤིང། སྤྱི་རྟ་སྒལ་རལ་ཞེས་པའི་དཔེ་བཞིན་སྤྱི་པའི་ཚོང་ལས་ལ་ཁེ་བཟང་ཆེན་པོ་མེད་པའི་གནས་སྟངས་ཤིག་ཏུ་སླེབས། སྐབས་དེ་དུས་སུད་སི་གཙོ་བོར་གྱུར་པའི་བོད་མི་མང་པོ་ཞིག་གིས་དངུལ་གང་མང་ཞིག་དཔལ་འབྱོར་ལས་ཁུངས་སུ་བཅོལ་འཇོག་ཞུས་ཡོད་པ་དེའི་མ་སྐྱེད་གཉིས་ཀ་ཕྱིར་སྤྲོད་བྱ་དགོས་པའང་དཀའ་ངལ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་༢༠༠༡ ལོར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དང། རྒྱ་དམར་གྱི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོག་རྒྱུའི་ཐག་གཅོད་བྱུང་བ་དང་སྟབས་ཁེལ་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཨོ་རྩལ་འགྲན་ཚོགས་ལ་བར་ཆད་མི་འབྱུང་ཆེད། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་ལྷན་བོད་དོན་སྐོར་འབྲེལ་བ་བསྐྱར་དུ་མཐུད་པའི་གོ་སྐབས་ཤིག་བྱུང་བ་དང་འབྲེལ། བཙན་བྱོལ་བོད་གཞུང་ལ་མཚོན་ན་ཕྱོགས་གཅིག་ནས་གཞན་གྱི་བཅོལ་དངུལ་ཕྱིར་སློག་དགོས་པ་དང། ཕྱོགས་གཅིག་ནས་རྒྱ་གཞུང་དང་མཉམ་དུ་ལོ་ལྟར་འབྲེལ་བ་ཡིན་ལ་མིན་ལ་ཞིག་རྒྱུན་མཐུད་ཐུབ་པའི་གནས་སྟངས་ལ་བརྟེན། བོད་ལ་ལོག་རྒྱུའི་རེ་བ་བརྒྱབ་སྡེ་བོད་གཞུང་གི་ཚོང་ལས་ཀྱི་སྡེ་ཚན་ཁག་ཚ་ཚང་འུར་འུར་གྱིས་སྒེར་བདག་ཏུ་བསྒྱུར། ས་ཁང་ཡོངས་རྫོགས་ཕམ་ཚོང་བརྒྱབ་པ་མ་ཟད། ཕྱི་ལོ་༡༩༩༤ ལོར་ལྡི་ལི་ཡི་ཉེ་འགྲམ་དུ་ཉོས་པའི་ས་ཆ་དེ་དག་ཀྱང་མི་ལོ་བཅུ་ལྷག་འདས་ཀྱང་ས་གོང་རང་འཇགས་བྱས་ནས་ཕྱིར་ཚོང་བྱས།

དུས་དེ་ནས་བཟུང་བོད་གཞུང་གི་ཡོང་འབབ་ནས་གཙོ་བོ་གཅིག་བཙན་བྱོལ་བོད་མི་རྣམས་ཀྱིས་ཕུལ་བའི་དང་བླངས་དཔྱ་ཁྲལ་ཕུད། གཞན་རོགས་ཚོགས་ཁོ་ན་ལ་བརྟེན་རྒྱུ་ལས་རང་ངོས་ནས་ཡོང་འབབ་ཡོད་པའི་སྡེ་ཚན་གཅིག་ཀྱང་མེད་པར་གྱུར། ད་ལྟའི་ཆར་སྤྱིའི་ཆ་ནས་རོགས་དངུལ་རག་པའི་ཁོར་ཡུག་གང་ལེགས་ཡོད་ཀྱང། དུས་ནམ་ཞིག་རོགས་དངུལ་གྱི་ཡོང་ཁུངས་ཁག་རིམ་པས་ཉུང་དུ་འགྲོ་མི་སྲིད་པ་མིན་པ་མ་ཟད། ལྷག་པར་དུ་བོད་རྒྱ་མཉམ་གནས་ཀྱི་དམིགས་ཡུལ་བཟུང་བའི་ཆབ་སྲིད་ཐོག་ནས་བཤད་ན། ད་ལྟའི་ཆར་བོད་པར་རོགས་རམ་གནང་མཁན་གྱི་སྲིད་གཞུང་དང་རོགས་ཚོགས་ཁག་གི་འདོད་མོས་དང་མཐུན་མིན་བཤད་དཀའ་བ་དང། མ་འོངས་པར་དེ་བས་ཀྱང་སྲིད་བྱུས་ལངས་ཕྱོགས་དེ་ལྟ་བུ་འཛིན་མཁན་ལ་རོགས་རམ་བྱེད་མིན་གྱི་ཐོག་ནས་ཀྱང་བཤད་ཚོད་ཐིག་དཀའ་བ་ཞིག་ཏུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེང་དུས་དང་མཐུན་པའི་ཚོང་ལས་རིགས་གཅིག་གསར་གཏོད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

མདོར་ན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་བརྟེན་མ་འོངས་པར་ཚོང་ལས་གཉེར་སའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་གོ་སྐབས་ཡོད་པ་ལས། གཞན་རེ་བ་གང་ཡང་མེད་པ་ལྟ་བུར་གྱུར་ཟིན། ད་ལྟ་བཙན་བྱོལ་ནང་གི་གཞུང་སྒེར་ཚོགས་སྡེ་ཁག་ཕལ་ཆེ་བ་ཁེ་མེད་ཀྱི་ངོ་བོར་དེབ་སྐྱེལ་བྱས་ཡོད་ཅིང། དཔལ་འབྱོར་ལས་ཁུངས་ཀྱང་སློང་མོ་ལས་ཁུངས་སུ་བསྒྱུར་རྒྱུ་དང། སློང་རྒྱག་པ་ལས་ཚོང་རྒྱག་མི་འོས་པའི་བསམ་ཚུལ་ཐོག་ནས་ཁེ་ཡོད་ཚོགས་སྡེ་ཞེས་ཐོས་པ་ཙམ་གྱིས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཡོད། གངས་ལྗོངས་ཆེད་ཨ་རིའི་གཞུང་གི་རོགས་དངུལ་མ་སྐྱེད་བསྡོམས་ཧིན་སྒོར་བྱེ་བ་༣༣ དེ་ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་ཡིག་གི་དགོངས་དོན་འོག་གཏོང་ཆོག་མིན་གྱི་སྐད་ཆ་ཞིག་ཡོད་ཀྱང། ཁྲིམས་ཡིག་དེའི་དགོངས་དོན་འོག་རོགས་དངུལ་དེ་དག་ལས་དོན་གཞན་ཆེད་གཏོང་མི་ཆོག། མུ་མཐུད་དེ་ལྟར་ཉར་ནའང་ཁྲིམས་ཡིག་དེའི་འོག་ཁྲལ་ཆེན་པོ་འཕོག་ངེས་པས། ཐབས་ཤེས་གང་ཡོད་ཀྱིས་གངས་ལྗོངས་ལ་གཏོང་ཐབས་བྱ་རྒྱུ་དེ་གདམ་ག་གཅིག་པུར་གྱུར་ཡོད།།

Share this:

Leave a Reply