སློབ་གསོ་དང་བོད་ཀྱི་མ་འོངས་པ།
(བོད་ཀྱི་བང་ཆེན་གྱི་ཚགས་ཤོག་སྤྱིའི་འདོན་ཐེངས་༩༩༨ )
ཉེ་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་གྲྭ་བཅུ་གཉིས་པའི་རྒྱུགས་འབྲས་ནང་བོད་ཀྱི་སློབ་གྲྭ་རྣམས་ལ་གྲུབ་འབྲས་རྩེ་ཕུད་ཐོབ་ཡོད་འདུག བཙན་བྱོལ་བོད་མི་ཙམ་དུ་མ་ཟད་བོད་དོན་སྤྱི་ཡོངས་ཀྱི་ངོས་ནས་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག འཛིན་གྲྭ་བཅུ་གཉིས་པའི་རྒྱུགས་འབྲས་ནི་སློབ་སྦྱོང་གི་བརྒྱུད་ལམ་ནང་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ཞིང་། རྒྱ་གར་ནང་མུ་མཐུད་མཐོ་སློབ་རྩེ་གྲས་ཁག་ནང་འཚུད་པར་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། མ་འོངས་པར་མི་རེ་ངོ་རེ་བཞིན་མདུན་ལམ་ཡག་པོ་ཡོང་བར་ཕན་ཐོགས་པ་མ་ཟད། བོད་དང་བོད་དོན་འཐབ་རྩོད་ལའང་ཕན་ཐོགས་ཆེན་པོར་འགྱུར་ངེས་རེད། དུས་རབས་འདིར་སློབ་སྦྱོང་མེད་ན་རྒྱལ་ཁབ་དང་མི་སྒེར་ངོས་བཅས་གང་ཐད་ནས་མདུན་ལམ་མེད་པ་དང་། སློབ་སྦྱོང་དང་སྙིང་སྟོབས་ཕུགས་བསམ་བཅས་ཡོད་མཁན་གྱི་མི་གཅིག་ཡོད་ནའང་། མི་རིགས་ཤིག་གི་མགོ་བོ་འགྱོགས་ཐུབ་པའི་ནུས་པ་ཡོད་མོད། ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེ་ལྟ་བུའི་མི་སྣ་སུ་གཅིག་འཚར་ལོང་བྱུང་མེད་ཅེས་བརྗོད་ཀྱང་ཆོག
ཕྱོགས་གཅིག་ནས་སློབ་སྦྱོང་མཁས་པའི་མི་སྣ་འདྲ་མིན་བྱུང་ཡོད་སྲིད་ཀྱང་། འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་ཤུགས་རྐྱེན་ཐེབས་ཐུབ་པའི་མི་སྣ་བྱུང་མྱོང་མེད་པའི་དོན་དུ་གོ་དགོས། དམིགས་བསལ་གྱི་ཆེད་ལས་མཁས་པ་ཡིན་ནའང་། ཆེད་ལས་ཁ་ཤས་ལ་རྒྱལ་ཁབ་རང་བཙན་མེད་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ཏུ་ནུས་པ་འདོན་རྒྱུའི་ཁོར་ཡུག་གཏན་ནས་མེད་པའང་ཡོད་པས། བཙན་བྱོལ་ནང་དམིགས་བསལ་གྱི་མཁས་པ་མ་བྱུང་བའང་ཡིན་སྲིད། འོན་ཀྱང་གློག་ཀླད་དམ་རྩིས་འཕྲུལ་ཐོག་ནས་གསར་གཏོད་ཀྱི་ནུས་པ་ལྡན་པའི་ཆེད་ལས་མཁས་པ་འགྲན་ཟླ་བྲལ་བ་དང་། ཚན་རིག་ཐོག་ནས་གྲུབ་འབྲས་དམིགས་བསལ་ཅན་གྱི་མི་སྣ་ལྟ་བུ་ནི་རང་བཙན་མེད་ཀྱང་འཚར་ལོང་ཡོང་ཐུབ་པ་ཞིག་རེད། དེ་ཡང་མ་བྱུང་བ་ནི་སློབ་གསོའི་ཁ་ཕྱོགས་ནོར་བའམ། ཡང་ན་མི་སྒེར་སོ་སོར་ཕུགས་བསམ་ཆེན་པོ་མེད་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བཅོས་མིན་ལྷག་བསམ་གྱིས་མ་འདེང་པའང་ཡིན་ངེས་རེད། གང་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྤྱིར་བཏང་གི་མཁས་པ་ཙམ་ལས་བྱུང་མེད།
དེ་ལྟར་བཤད་པ་དེར་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན། དཔེར་ན་ད་ལྟ་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་ཨང་བཞི་པ་ཨ་སྒོར་ཐེར་འབུམ་༡༥༤།༥ ཙམ་གྱི་རིན་ཐང་ཡོད་པའི་ངོ་དེབ་དྲ་ལམ་གྱི་བདག་པོ་མརྐ་རྫི་ཀར་བྷག་(Μαrκ Ζυckerberg) ལ་མཚོན་ན། ད་ལྟ་རང་ལོ་༤༠ ལ་སོན་མ་ཐག་པའི་ཕོ་སར་ཞིག་ཡིན། ལོ་ཚོད་དང་སློབ་སྦྱོང་གི་གོ་སྐབས་སོགས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདི་དང་གཅིག་མཚུངས་ཅན་མང་པོ་ཡོད་ཀྱང་། ནུས་པ་དང་གྲུབ་འབྲས་ཀྱི་ཐོག་ཁོང་ལྟ་བུ་སུ་གཅིག་མེད་པ་དེ་གསལ་པོ་རེད། དེ་མིན་གཙོ་བོ་བློ་སྤོབས་དང་གདེང་ཚོད་སོགས་གང་ཐད་ནས་རང་སྐྱ་འཕེར་དང་མི་འཕེར་ཁོ་ན་ལ་རག་ལས་ཡོད། ཨ་རིའི་ནང་འཚར་ལོང་བྱུང་བའི་བོད་ཕྲུག་སློབ་སྦྱོང་ཡོད་ལ་ལོ་ཚོད་ངོ་དེབ་བདག་པོ་དང་གཅིག་མཚུངས་ལྟ་བུ་ཧ་ཅང་པོ་ཡོད་ཀྱང་། གྲུབ་འབྲས་ཀྱི་ཐོག་ནས་འདི་དང་ཆ་འདྲ་བ་ཙམ་ཡང་བྱུང་མེད་པ་དེ། རང་ཉིད་ལ་བློ་སྤོབས་དང་ནུས་པ་མེད་པ་ལས། སྤྱི་ཚོགས་ནང་ཁོར་ཡུག་དང་གོ་སྐབས་གང་ཡང་མེད་པ་གཏན་ནས་མ་རེད།
གཙོ་བོ་སློབ་སྦྱོང་གི་ཁ་ཕྱོགས་དང་དམིགས་ཡུལ་ཐོག་ནས་ནོར་འཁྲུལ་ཤོར་ཡོད། དེ་ནི་རང་ཉིད་གཞན་འོག་ཏུ་ལས་ཀ་བྱེད་མཁན་ཞིག་བྱ་རྒྱུ་ལས། རང་ཉིད་ནུས་པ་དང་ལྡན་པའི་མི་སྣ་ཞིག་ཏུ་བསྒྱུར་ནས་མི་མང་པོ་ཞིག་གི་འཚོ་བའི་གནད་དོན་ཐག་གཅོད་ཐུབ་པ་ཙམ་མ་ཡིན་པར་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་རེ་བ་དང་དམིགས་ཡུལ་རྒྱ་ཆེན་པོ་འཛིན་མ་ཐུབ་པ་རེད། དམིགས་ཡུལ་ཆེན་པོ་ཞིག་ཁུར་ནས་ལས་དོན་འགོ་འཛུགས་པར་འགལ་རྐྱེན་དང་། དཀའ་ངལ་གང་མང་ཞིག་ལ་གདོང་གཏད་དགོས་པ་སྨྲོས་མེད་ཡིན་པས། མང་པོ་ཞིག་གིས་གྲུབ་འབྲས་མ་ཐོན་གོང་འཕྲད་ངེས་པའི་དཀའ་ངལ་དག་ལ་སྐྲག་ནས། ཉེན་ཁ་ཆུང་བ་དེ་བདམས་པས་དམིགས་བསལ་གྱི་གྲུབ་འབྲས་མ་ཐོབ་པ་རེད། གང་ལྟར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་རྒྱ་ཆེ་ས་ནས་འཛིན་མ་ཐུབ་ན་དམིགས་བསལ་གྱི་གྲུབ་འབྲས་ཆེན་པོའང་འབྱུང་མི་སྲིད། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ན་གཞོན་མང་པོ་ཞིག་གིས་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་པ་ལྟ་བུ་ནི། གནས་སྐབས་ཙམ་ལས་རྒྱ་ཆེ་ས་ལ་བསམ་བློ་མ་བཏང་བ་རེད།
མདོར་ན་ན་གཞོན་རྣམས་ལ་སློབ་གསོ་ཚད་དང་ལྡན་པ་ཞིག་རག་ཐུབ་ན་དེའི་ནང་བསམ་བློ་དང་ནུས་པ་མི་འདྲ་བའི་མི་སྣ་ཡོང་ཐུབ། རྩ་བས་བདག་ལས་གཞན་གཅེས་ཞེས་པ་དེ་ཆོས་ཕྱོགས་དང་ལྷག་པར་དུ་ཐེག་ཆེན་བྱང་ཆུབ་ཀྱི་སེམས་ཁོ་ན་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་ཡང་། འཇིག་རྟེན་ཁྱིམ་པ་བ་ཞིག་ལ་མཚོན་ན་འགྲན་རྩོད་ཆེ་བའི་དུས་རབས་འདིར་དཔལ་འབྱོར་དང་དམག་དོན་འཛུགས་སྐྲུན་སོགས་གང་ཐད་ནས་བདག་ལས་གཞན་གཅེས་ཞེས་པ་མི་དམིགས་བསལ་བ་རེ་ཟུང་ཙམ་ལས། ལག་ལེན་དངོས་ཀྱི་ཐོག་ཚང་མས་བྱེད་ཐུབ་པ་ཞིག་གཏན་ནས་ཡོང་མི་སྲིད་པ་རེད། དེར་བརྟེན་སློབ་སྦྱོང་ལ་བརྟེན་ནས་མིའི་ནུས་པ་སྐྱེད་སྲིང་ཡོང་ཐབས་བྱ་རྒྱུ་ལས། ནུས་པ་མེད་པའི་མི་འཇམ་པོ་ཉམ་ཆུང་ཞིག་ཡིན་པ་ཙམ་གྱིས་རྒྱ་ཆེ་ས་ནས་ཕན་ཐོགས་གང་ཡང་མེད། སྐད་ཡིག་གཞན་གྱི་ཤེས་ཚད་འདེང་ངེས་ཡོད་པ་ཙམ་གྱིས་ཀྱང་ཕན་པ་ཆེན་པོ་མེད་པར་དྲུང་ཡིག་དང་སྐད་སྒྱུར་ཙམ་བྱ་རྒྱུ་ལས་གཞན་གྱི་འགོ་ཁྲིད་ནས་ནུས་པ་ཆེན་པོ་གང་ཡང་འདོན་མི་ཐུབ།།