སློབ་གྲྭ་ཚང་མ་གློ་ནད་མེད་པ་ཤ་སྟག་བཟོ་ཐུབ་ན་ང་ཚོའི་རྒྱལ་ཁ་ཆེན་པོ་ཞིག་རེད།
བྱིས་པ་གློ་ནད་ན་མཁན་བརྒྱ་ཆ་༩༠ ལྷག་ཙམ་ཞིག་མི་རྒན་པ་ཚོ་ལས་འགོས་ནས་ཡུན་རིང་པོ་མ་སོང་བ་ཆགས་ཀྱི་ཡོད་སྟབས། ནད་འབུ་མ་ལངས་སྔོན་དུ་ནད་འབུ་གཅོག་བྱེད་ཀྱི་སྨན་སྤྲོད་ཐུབ་ན་ཕྲུ་གུར་ན་ཚ་ཕོག་གི་མ་རེད་ཅེས་སྨན་པ་དཀོན་མཆོག་གིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ དང་སྐར་མ་༣༠ ཐོག་དྷ་ས་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་བོད་ཀྱི་བྱིས་པ་རྣམས་ལ་གློ་ནད་རྩ་མེད་གཏོང་བའི་ལས་གཞིའི་སྐོར་ལ་ཉིན་གཅིག་རིང་གི་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་། དེའི་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ། བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད། བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་དང་། ཇོན་ཧོབ་ཀེང་གཙུག་ལག་སློབ་གཉེར་ཁང་གི་སྐུ་ཚབ་སྨན་པ་དཀོན་མཆོག གཞན་ཡང་དྷ་ས་གཡས་གཡོན་གྱི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། སྨན་ཞབས་རྣམས་འཛོམས་འདུག
བོད་ཀྱི་བྱིས་པ་རྣམས་ལ་གློ་ནད་རྩ་མེད་གཏོང་བའི་ལས་གཞི་ཞེས་པ་འདི་ནི་ཨ་རིའི་ཇོན་ཧོབ་ཀིན་གློ་ནད་ཉམས་ཞིབ་ལྟེ་གནས་ཁང་ནས་མཐུན་སྦྱོར་འོག་བདེ་ལེགས་སྨན་ཁང་གིས་གསར་དུ་འགོ་འཛུགས་བྱེད་བཞིན་པའི་ལས་གཞི་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་ཟླ་འདིའི་ཕྱི་ཚེས་༢༥ ནས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་འགོ་འཛུགས་ཀྱིས་ཧི་མ་ཅལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་དང་། དེ་ནས་རིམ་བཞིན་བོད་སློབ་གཞན་རྣམས་སུ་ལག་བསྟར་བྱེད་རྒྱུ་ཡིན་འདུག ལས་གཞི་འདི་འདྲའི་རིགས་ལ་དབྱིན་སྐད་དུ་(Active case finding) ཟེར་གྱི་ཡོད་པ་དང་། དེའི་དོན་ནི་སྨན་པས་ནད་པ་བསྒུགས་ནས་མ་བསྡད་པར་ནད་པ་བཙལ་ནས་ནད་སྐྱོབ་དུ་བསྐྱོད་པའི་དོན་ཡིན་འདུག
ལས་གཞི་འདིའི་སྐོར་ལ་བདེ་ལེགས་སྨན་ཁང་གི་སྨན་པ་ཟུར་པ་དང་། ད་ལྟ་ཇོན་ཧོབ་ཀན་གཙུག་ལག་སློབ་གཉེར་ཁང་གི་ལས་བྱེད་སྨན་པ་དཀོན་མཆོག་གིས་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་༢༠༣༥ ལོ་ནང་ཚུན་དུ་འཛམ་གླིང་ནང་གློ་ནད་གཏན་ནས་མེད་པ་བཟོ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་པས་བཙན་བྱོལ་བོད་པ་རྗེས་ལུས་ཐེབས་ན་ཏག་ཏག་བསྡད་ཀྱི་མེད་པ་དང་། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་གློ་ནད་ཀྱི་དཀའ་ངལ་ཆེན་པོ་ཡོད་ས་ཞིག་ཡིན་ནའང་ཉེ་བའི་ལོ་ཤས་ནང་གློ་ནད་ཀྱི་ཐོག་ལ་དཀའ་ལས་བརྒྱབས་པ་ལ་བརྟེན་ནས་འབྲས་བུ་ཐོན་ཡོད་སྟབས། དེས་རྩ་མེད་གཏོང་བར་གདེང་ཚོད་ཅིག་སྤྲོད་ཀྱི་ཡོད་སྐོར། གཞན་ཡང་བྱིས་པ་རྣམས་ལ་ཆེད་དུ་དམིགས་ནས་རྩ་མེད་གཏོང་བའི་ལས་གཞི་སྤེལ་དགོས་དོན་ནི། བྱིས་པ་གློ་ནད་ན་མཁན་བརྒྱ་ཆ་༩༠ ལྷག་ཙམ་ཞིག་མི་རྒན་པ་ཚོ་ལས་འགོས་ནས་ཡུན་རིང་པོ་མ་སོང་བ་ཆགས་ཀྱི་ཡོད་སྟབས། ནད་འབུ་མ་ལངས་སྔོན་དུ་ནད་འབུ་གཅོག་བྱེད་ཀྱི་སྨན་སྤྲོད་ཐུབ་ན་ཕྲུ་གུར་ན་ཚ་ཕོག་གི་མེད་སྐོར། ལོ་ན་རྒན་པ་གློ་ནད་ཕོག་མཁན་མང་ཆེ་བ་ཆུང་དུས་ནས་འབུ་སྲིན་ཡོད་པ་དེ་ཡར་ལངས་བ་ཤ་སྟག་ཆགས་ཡོང་གི་ཡོད་དུས་དང་པོ་སློབ་ཕྲུག་ནང་ལ་རྩ་མེད་བཟོ་ཐབས་བྱས་ན་རིམ་བཞིན་མི་རྒན་པ་རྣམས་ལ་ཡང་རྩ་མེད་བཟོ་ཐུབ་པ་ཡོང་སྐོར། བཙན་བྱོལ་གྱི་སློབ་གྲྭ་ཁག་ནང་ད་བར་གློ་ནད་ཕོག་མཁན་མང་པོ་ཡོད་པ་དང་། ཉེ་ཆར་ཁོང་ཚོས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་སྐབས་མིིའི་མི་ཚེ་བསྐྱལ་བར་དང་པོ་དེ་འཕྲོད་བསྟེན་ཡག་པོ་དགོས་སྐོར་གྱི་བཀའ་ཕེབས་པ་བཞིན་མ་འོངས་བོད་ཀྱི་སོན་རྩ་རུ་གྱུར་པའི་སློབ་ཕྲུག་རྣམས་གློ་ནད་ཀྱི་རྐྱེན་པས་གྲོངས་ཤོར་ན་དེ་དཀའ་ངལ་ཆེན་པོ་ཞིག་དང་སྤྱི་ཚོགས་ལ་ཕང་པོ་ཡིན་སྟབས། སློབ་གྲྭ་ཚང་མ་གློ་ནད་མེད་པའི་སློབ་གྲྭ་ཤ་སྟག་ཅིག་བཟོ་ཐུབ་ན་ང་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། ཚན་རིག་གི་ཐོག་ནས་བྱིས་པ་རྣམས་ལ་གློ་ནད་རྩ་མེད་བཟོ་རྒྱུ་རྦད་དེ་ཡོང་ཐུབ་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་༢༠༣༥ ནང་ཚུད་དུ་གློ་ནད་རྩ་མེད་གཏོང་ཐུབ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་ཀྱང་བོད་པའི་སྤྱི་ཚོགས་ནང་ལོ་༥ ནང་གང་ལ་གང་འཚམས་མེད་པ་བཟོ་ཐུབ་ཀྱི་ཡོད་སྐོར། ཕྱི་ལོ་༢༠༡༢ ལོར་བོད་པའི་སྤྱི་ཚོགས་སུ་གློ་ནད་ཡོད་མཁན་༥༦༡ ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་དེའི་ཐོག་འབད་བརྩོན་བྱས་འབྲས་སུ་༤༢༣ ལ་མར་ཆགས་ཡོད་པས་ང་ཚོ་མི་འབོར་ཉུང་ཉུང་ཡིན་རྐྱེན་དེ་མགྱོགས་པོ་ཡོང་ཐུབ་ཀྱི་ཡོད་སྐོར། ད་ལྟ་འཕྲུལ་ཆས་སྣ་ཚོག་པ་བཀོལ་ནས་བརྙན་ཐུང་སོགས་ཀྱི་ལམ་ནས་གློ་ནད་སྐོར་གྱི་གོ་རྟོགས་སྤེལ་དགོས་ཚུལ།
དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་འོག་ནས་བོད་པའི་སྤྱི་ཚོགས་སུ་གློ་ནད་སྨན་བཅོས་ཀྱི་ཁྱབ་ཚད་དང་། ནུས་པ་ཐོན་པ་གཉིས་བརྒྱ་ཆ་༩༠ ལྷག་སླེབས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་སྔོན་འགོག་གི་སྨན་སྤྲད་རྒྱུ་དེ་ཀླད་གོར་ཆགས་ཡོད་པ་དང་། འཛམ་གླིང་སྤྱི་ཡོངས་ནས་ཀྱང་སྨན་དེ་སྤྲོད་ཐུབ་ཀྱི་མེད་སྐོར། འོན་ཀྱང་ད་ཐེངས་གློ་ནད་རྩ་གཏོར་གྱི་ལས་གཞིའི་འོག་ནས་དེ་སྤྲོད་ཐུབ་པ་ཡོང་ཐབས་བྱེད་བཞིན་ཡོད་སྐོར། གཞན་ད་ཕན་གློ་ནད་ཀྱི་སྨན་ཐོན་གསར་པ་རྣམས་དང་འཕྲུལ་ཆས་གསར་པ་རྣམས་ཡོད་པ་མ་ཟད་འཕྲུལ་ཆས་རིགས་གཅིག་ཧི་མ་ཅལ་ནང་ནས་ཐོག་མར་བདེ་ལེགས་སྨན་ཁང་ལ་བྱུང་ཡོད་སྟབས་རྒྱ་གར་ལ་ཕར་རོགས་སྐྱོར་ཞུ་ཐུབ་པ་བཅས་བྱུང་ཡོད་པས་དེ་དག་གཟི་བརྗིད་ཅིག་ཡིན་སྐོར་དང་སྦྲགས་བོད་པའི་སྤྱི་ཚོགས་ནང་འབད་བརྩོན་བྱས་ནས་གློ་ནད་རྩ་མེད་གཏོང་ཐུབ་པར་ནན་བརྗོད་བྱས་སོང་།
དེ་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བསྟན་གྱིས་བོད་པའི་མང་ཚོགས་སུ་གློ་ནད་ཀྱི་གནས་སྟངས་དང་། བདེ་ལེགས་སྨན་ཁང་གིས་དེའི་ཐོག་ལས་ཀ་བྱེད་ཕྱོགས་ཀྱི་རྒྱབ་ལྗོངས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སྐབས། བདེ་ལེགས་སྨན་ཁང་གི་གློ་ནད་ཀྱི་ལས་གཞི་རྣམས་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་སྐོར་དང་། གཞན་ཡང་ནམ་རྒྱུན་གློ་ནད་ཀྱི་ལས་གཞིའི་སྐོར་ལ་ཁྱབ་བསྒྲགས་དང་གསལ་འགོད་གསལ་བསྒྲགས་བྱེད་ཀྱི་མེད་ཀྱང་། ད་ཐེངས་བྱེད་དགོས་པའི་རྒྱུ་མཚན་ནི་གློ་ནད་ཀྱི་ནད་འབུ་འགོས་ཡོད་མཁན་ན་ཚ་ལོངས་མེད་མཁན་གྱི་གང་ཟག་རྣམས་ལ་སྔོན་འགོག་གི་ལས་གཞི་གསར་པ་ཞིག་ཡོད་པས་ཡིན་པ་དང་། སྤྱིར་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྔོན་ནས་དེ་བྱེད་བཞིན་ཡོད་ཀྱང་། རྒྱལ་ཁབ་སྐྱོ་བ་རྣམས་སུ་བྱེད་ཐུབ་ཀྱི་མེད་པ་དང་། ད་ཐེངས་ཀྱི་ལས་གཞི་འདི་ང་ཚོའི་སྤྱི་ཚོགས་ནང་གསར་པ་འདྲ་པོ་ཞིག་ཡིན་སྟབས་ལས་གཞི་འདིའི་སྐོར་ལ་གོ་རྟོགས་མ་སྤེལ་ན། ལས་གཞི་སུས་སྤེལ་མིན་དང་། དེ་དགོས་མཁོ་ཅན་ཡིན་མིན་སོགས་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་ཡོང་གི་རེད་དྲན་ནས་གསལ་འགོད་གསལ་བསྒྲགས་བྱས་པ་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་གྱིས་༡༩༩༨ ཡས་མས་ཀྱི་འཕྲོད་བསྟེན་སྙན་ཐོའི་ནང་སློབ་ཕྲུག་དང་། གྲྭ་བཙུན། དགུན་ཚོང་བ་བཅས་ཀྱི་ནང་དུ་གློ་ནད་ཀྱི་དཀའ་ངལ་ཤུགས་ཆེན་པོ་ཡོད་པ་གསལ་ཡང་། ཕྱིས་སུ་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྟག་དཔྱད་དང་སྨན་སྦྱོར། ལས་བྱེད་རྣམས་ལ་སྨན་བཅོས་ཀྱི་སྦྱོང་བརྡར་སྤྲོད་པ། གཞན་ཡང་གློ་ནད་ཀྱི་ཉིན་མོ་སྲུང་བརྩི་བྱེད་པ་སོགས་ཀྱི་སྒོ་ནས་གོ་རྟོགས་སྤེལ་ནས་ཉུང་འཕྲི་བྱས་ཐུབ་པ་བྱུང་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་ཡར་འཕེལ་གྱི་ཡོད་པ་མ་ཟད་ད་ལྟ་འཕྲོད་བསྟེན་ལས་ཁུངས་ནས་གློ་ནད་ཀྱི་སྨན་སྦྱོར་ཞུ་བཞིན་པའི་གློ་ནད་ཅན་གྱི་གང་ཟག་༢༩༡ ཡོད་སྐོར་དང་། དེ་བཞིན་ཁོང་གིས་བདེ་ལེགས་སྨན་ཁང་གི་ངོས་ནས་ད་བར་གློ་ནད་ཀྱི་ཐོག་ལ་ལས་ཀ་རླབས་ཆེན་པོ་བྱས་ཡོད་པ་མ་ཟད་ད་ལྟ་ཡང་ལས་གཞི་གསར་པ་སྤེལ་འགོ་འཛུགས་ཀྱི་ཡོད་སྟབས་དེར་སློབ་གྲྭ་ཁག་སོགས་ཚང་མས་མཉམ་ལས་བྱེད་པའི་རེ་སྐུལ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གང་ནུས་ཅི་ལྕོགས་ཀྱིས་མཐུན་སྦྱོར་ལ་སོགས་པ་སྦྱར་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
དེ་རྗེས་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་ཕྲུ་གུ་ཚོའི་རྒྱུད་ལ་ཤེས་རིག་ཡོན་ཏན་སློབ་རྒྱུའི་ཐོག་ལ་ཤེས་རིག་ལས་ཁུངས་ཀྱིས་ཕྱག་ལས་གནང་བཞིན་ཡོད་ཀྱང་། ཕྲུ་གུ་རྣམས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་གཉིས་བརྟེན་དང་རྟེན་པ་ཆགས་ཡོད་སྟབས། མ་འོངས་བོད་ཀྱི་སོན་རྩ་རུ་གྱུར་པའི་ཕྲུ་གུའི་འཕྲོད་བསྟེན་ཐོག་བདེ་ལེགས་སྨན་ཁང་གིས་འགན་འཁུར་ཆེར་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་དང་། སྤྱིར་གློ་ནད་དེ་སྤྲང་པོའི་ན་ཚ ཞིག་ཡིན་པར་བཤད་བཞིན་ཡོད་ཀྱང་མཐུན་རྐྱེན་ཇེ་ཡག་ཏུ་འགྲོ་བཞིན་པའི་ཁ་སང་དེ་རིང་ལ་ཡང་ང་ཚོའི་སྤྱི་ཚོགས་སུ་གློ་ནད་ཚད་མཐོན་པོ་ཡོད་པ་མ་ཟད། ཆ་སྙོམས་ཀྱི་བརྒྱ་ཆ་རྒྱ་གར་ལས་སྐྱོ་བ་ཡོད་པ་འདི་ནི་དོ་སྣང་གིས་མ་འདང་པ་ཡིན་སྐོར། གཞན་ཡང་གསར་ལམ་ཁག་སོགས་བརྒྱུད་ནས་གློ་ནད་ཀྱི་སྐོར་ལ་མང་ཚོགས་སུ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར། དེ་བཞིན་བདེ་ལེགས་སྨན་ཁང་གིས་བོད་པ་རྒྱ་གར་སོགས་ཚང་མར་གཅིག་གྱུར་གྱི་ཐོག་ནས་སྨན་གྱི་མཐུན་སྦྱོར་གནང་བཞིན་པ་བཅས་ལ་ཐུགས་རྗེ་ཆེ་སོགས་ཞུས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།