སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་སྐུ་གཤེགས་འདུག

ཁོང་གིས་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་སྐབས།

ཟླ་འདིའི་ཚེས་༡༦ ཉིན་བོད་ནང་གི་མཁས་དབང་དང་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་དགུང་ལོ་༩༥ ཐོག་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་བཞིན། 

བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པའི་སྡེ་ཁག་གཙོས་པའི་བོད་མི་ཚོས་དམ་པ་ཁོང་གི་མཛད་རྗེས་ལ་ཕྱིར་དྲན་དང་འབྲེལ་ཡིད་གདུང་བ་དྲག་པོས་ཁོང་ལ་མྱ་ངན་ཞུས་དང་ཞུ་བཞིན་འདུག 

སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ནི། ཕྱི་ལོ་༡༩༣༠ལོར་བོད་རྒྱལ་མོ་ཚ་བ་རོང་གི་བཙན་ལྷར་འཁྲུངས་ཤིང་། དགུང་ལོ་གསུམ་གྱི་ཐོག་ཆོས་གླིང་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད། ༡༩༤༡ ལོར་ལྷ་ས་འབྲས་སྤུངས་བློ་གསལ་གླིང་དུ་ཕྱིན་ནས་ལོ་ངོ་བདུན་གྱི་རིང་ལ་གཞུང་ཆེན་བཀའ་པོད་ལྔ་ལ་དཀའ་སྤྱད་སྡུག་རུས་ཀྱིས་སྦྱངས་པ་གནང་། ༡༩༤༨ ལོར་ཕར་ཕྱིར་གྱི་དམ་བཅའ་བཞག་རྗེས་རང་ཡུལ་དུ་ལོག ༡༩༥༡ ལོར་ལས་བྱེད་པའི་གྲལ་དུ་ཞུགས། ༡༩༧༧ ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༩ལོར་སློབ་དཔོན་ཆེན་མོའི་མཚན་གནས་ཐོབ།ཕྱི་ལོ་༡༩༩༧ལོར་ལས་འཁྱུར་ངལ་གསོ་གནང་ཞིང་། མཐར་༢༠༢༥ ཟླ་༢ ཚེས་༡༦ ཉིན་དགུང་ལོ་༩༥ ཐོག་སྐུ་གཤེགས་འདུག

དམ་པ་ཁོང་གི་གསུང་རྩོམ་ཁག

ཁོང་གི་གསུང་རྩོམ་ལ《བརྡ་དཀྲོལ་གསེར་གྱི་མེ་ལོང་།》དང་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས།》《རྒྱལ་རོང་ཁ་སྐད་ཚིག་མཛོད》《ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་སྡུར་དབྱེ་ཞིབ།》《བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》《རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས།》(རྒྱ་ཡིག)སོགས་དང་།འགྱུར་ཡིག་ལ《རླངས་ཀྱི་པོ་ཏི་བསེ་རུ།》དང《བཀའ་ཆེམས་དེབ་ཐེར།》《བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་།》སོགས་དང་།གནའ་དཔེ་དཔེ་སྒྲིག་སྐོར་ལ《གེ་སར་སྒྲུང་བཤད་པ་རྣམ་བདུན》དང《གེ་སར་སྒྲུང་ཟངས་མདོག་དཔལ་རི།》《ཇོ་ནང་ཆོས་འབྱུང་།》《ཇོ་ནང་ཆོས་འབྱུང་གི་ལྷན་ཐབས།》སོགས་མཛད་ཡོད་པ་དང་། དེ་བཞིན་དཔྱད་རྩོམ་ཁག་དྲུག་ཅུ་ལྷག་རྒྱལ་ཁབ་གཞན་གྱི་དུས་དེབ་ནང་འགྲེམ་སྤེལ་བྱས་ཡོད་འདུག་པ་དང་། གཞན་ཡང་《 རྒྱལ་རོང་ཡུལ་གྱི་རྒྱལ་ཁག་བཅོ་བརྒྱད་དང་ཡིག་ཚགས་སྐོར》 བཅས་དེབ་བཅུ་རྩོམ་འབྲི་མཛད་དེ་ཞུ་དག་བྱེད་བཞིན་པའི་སྒང་ཡིན་འདུག་ལ། ཁོང་དགུང་ལོ་བགྲེས་ཀྱང་ཚིག་མཛོད་འབྲི་རྩོམ་གྱི་ལས་འདི་མ་བསྐྱུར་བར་《 བརྡ་དཀྲོལ་གསེར་གྱི་མེ་ལོང》 གཞི་བྱས་ནས་དེ་ལ་ཁ་གསབ་ཀྱི་ཚུལ་དུ་བརྡ་རྙིང་དག་ཕྱོགས་སྒྲིག་དང་འགྲེལ་བཤད་གནང་སྟེ། 《 ཞང་བོད་བརྡ་དཀྲོལ་ཆེན་མོ》 ཞེས་པའི་ཚིག་མཛོད་ཅིག་པར་སྐྲུན་བྱེད་འཆར་ཡོད་འདུག་ཅིང་། གཤིན་རྗེ་ཆོས་རྒྱལ་གྱིས་ཁོང་ལ་གནང་བ་ཇི་ཙམ་སྟེར་ན་ཚིག་མཛོད་ཀྱང་དེ་ལྟར་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་སྲིད་པ་དང་། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་རྒྱུ་ཡིན་པར་གསུངས་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།