སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ན་ཡང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་མང་དུ་འགྲོ་བཞིན་འདུག་ཅེས་བརྗོད།

བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་ཐབས་ལ་དམིགས་ཏེ། ཉིན་གྲངས་གཉིས་རིང་གི་ཆེད་དོན་བགྲོ་གླེང་ཞིག་དྷ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ་དབུ་འཛུགས་གནང་འདུག་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་གྱིས་བོད་སློབ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་གྱི་རྒྱུ་མཚན་གསུམ་དང་འབྲེལ་གསུང་བཤད་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༥ ཉིན་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ། ཤེས་ཡོན་ལྷན་ཚོགས་སྐབས་བཞི་པའི་ཚོགས་གཙོ་དགེ་བཤེས་ལྷག་རྡོར། དེ་བཞིན་རྒྱ་གར་དང་བོད་མིའི་ཤེས་ཡོན་མི་སྣ་ཁག་ཅིག་མཉམ་ཞུགས་ཀྱིས་ཆེད་དོན་བགྲོ་གླེང་དབུ་འཛུགས་གནང་འདུག་པ་དང་།
སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་གི་རྒྱུད་ལ་ཤེས་ཡོན་གྱི་སྤྲོ་སྣང་སྤེལ་རྒྱུར་འབད་དགོས་པ་དང་། ལྷག་པར་དུ་སློབ་ཕྲུག་སོ་སོའི་ཁམས་དང་མོས་པ་གཞིར་བཟུང་སློབ་སྟོན་གནང་ཐབས་ལ་འབད་རྩོལ་གནང་དགོས་པའི་ལམ་སྟོན་དང་། འགྲོ་བ་མིའི་འཕྲལ་ཕུགས་ཀྱི་ཕན་བདེའི་གཞི་རྩར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་ལུང་རྟོགས་ཀྱི་བསྟན་པ་བོད་ཕྲུག་རྣམས་ནས་རྒྱུན་འཛིན་དར་སྤེལ་གཏང་རྒྱུར་འགན་ཁུར་དགོས་པའི་གསུང་བཤད་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

གཞན་ཡང་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མས་ད་ལྟའི་ཆར་བོད་སློབ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དངོས་ཡོད་དཀའ་ངལ་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནས་བཙན་བྱོལ་དུ་ཡོང་མཁན་གྱི་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་པ་དང་། གཉིས་ནི་རྒྱ་བལ་འབྲུག་གསུམ་གྱི་བོད་མི་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱེད་མཁན་མང་དུ་ཕྱིན་པ། གསུམ་ནི་བོད་མིའི་སྤྱི་ཚོགས་ནང་བྱིས་པའི་སྐྱེ་ཚད་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ཡིན་པ་དང་། ལྷག་པར་དུ་ཁོང་གིས་དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་ཤེས་རིག་ལས་ཁུངས་ནས་ཞིབ་འཇུག་གནང་བ་ལྟར་ན། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གྲངས་ ༢༩༤ ཙམ་ཡོད་པ་ཤེས་རྟོགས་བྱུང་ཞེས་གསུང་བཤད་གནང་ཡོད་འདུག
སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་དམིགས་པའི་བགྲོ་གླེང་ཞིག་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་གོ་སྒྲིག་ཞུས་འདུག་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་རྒྱ་གར་དང་བོད་མིའི་ཤེས་ཡོན་མི་སྣ་ཁག་ཅིག་ལྷན་ཞུགས་ཀྱིས་གཞི་རྩའི་ཤེས་ཡོན་དང་། གྲངས་རྩིས་རིག་པ་གོང་མཐོར་གཏོང་ཐབས། འཛིན་གྲྭའི་སློབ་ཁྲིད་དང་སློབ་གྲྭའི་འགོ་ཁྲིད་ནུས་རྩལ། བོད་སློབ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་བཅས་ལ་དུས་བསྟུན་བསྒྱུར་བཅོས་ཇི་དགོས། བོད་སློབ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་ཐབས། བོད་སློབ་ཁག་གི་དམིགས་བསལ་དགོས་མཁོ་ཅན་ཚོའི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་བཅས་གཙོ་བོ་གྲོས་གཞི་ལྔའི་ཐོག་བསམ་གྲོས་ཞིབ་བསྡུར་གནང་གི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།