སློབ་ཕྲུག་ཚོ་རི་མོའི་ལམ་ནས་ལས་འགུལ་ལ་མཉམ་ཞུགས་བྱས་པ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་རི་མོའི་ལམ་ནས་བོད་ལ་རང་ཉིད་ཀྱི་སེམས་ཚོར་ཕྱིར་སྟོན་ཆེད། རི་མོའི་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ཟླ་༦ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་མནར་གཅོད་བཀག་འགོག་ཉིན་མོ་དང་སྟབས་བསྟུན། དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ཉིན་མོའི་སློབ་གྲྭའི་འཛིན་རིམ་བཞི་པ་དང་ལྔ་པ། དཔེ་སྟོན་སློབ་གྲྭའི་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སློབ་ཕྲུག་ཚོར་བོད་ཀྱི་གནས་སྟངས་སྐོར་ལ་རང་ཉིད་ཀྱི་སེམས་ཚོར་ཕྱིར་སྟོན་ཆེད་(བོད་ཀྱི་དཔའ་བོ་དྲན་པ། མི་རབས་གསར་པའི་སེམས་ཁམས་ཀྱི་འཆར་སྣང་)ཞེས་པའི་རི་མོའི་འགྲན་སྡུར་ཞིག་བྱས་ཡོད་པ་རེད།
ཐོག་མར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས། སློབ་ཕྲུག་ཚོར་དེ་རིང་རི་མོ་འབྲི་བ་ཙམ་གྱི་ཆེད་དུ་མིན་པར། ལས་འགུལ་སྤེལ་བར་ཡང་སླེབས་པ་ཡིན་སྐོར་བརྗོད་ནས། བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་། ཆབ་སྲིད་བཙོན་པ་ཟེར་ན་གང་འདྲ་ཞིག་ཡིན་མིན། དེ་བཞིན་བོད་ནང་གི་གནས་སྟངས་དང་སྐུ་ལུས་མེར་སྲེག་ག་རེ་བྱས་ནས་གནང་གི་ཡོད་མེད་སོགས་ཀྱི་ཐོག སློབ་ཕྲུག་ཚོར་དྲི་བ་དྲིས་ལན་ཐོག་ནས་གླེང་སློང་བྱས་ཡོད་པ་རེད། དེ་རྗེས་ཆབ་སྲིད་བཙོན་ཟུར་གསུམ་གྱིས། རང་ཉིད་ཀྱིས་ལས་འགུལ་ཇི་ལྟར་སྤེལ་ཚུལ་དང་བཙོན་ལ་མནར་གཅོད་ཇི་ལྟར་མྱངས་ཚུལ་བརྗོད་པའི་བརྙན་ཐུང་ཞིག་བསྟན་རྗེས། རི་མོ་འགྲན་སྡུར་གྱི་ཟུར་དཔང་པ་གཉིས་ཀྱིས་འགྲན་སྡུར་གྱི་ངོ་སྤྲོད་བྱས་སོང་།

ཉིན་མོའི་སློབ་ཕྲུག་བྱ་དགའ་ཐོབ་མཁན་གྱི་རི་མོ་

ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་གསར་འགོད་པ་ཚོར་ལས་འགུལ་གྱི་ངོ་སྤྲོད་བྱེད་དོན། དེ་རིང་གི་ཉིན་མོ་དེ་མཉམ་སྦྲེལ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ནང་མནར་གཅོད་ཀྱི་གནོད་འཚེ་འཕོག་ཡུལ་རྣམས་ལ་རྒྱབ་སྐྱོར་གྱི་ཉིན་མོ་ཡིན་པ་དང་། ད་བར་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ལས་འགུལ་ཚང་མ་མི་རྒན་པ་དང་མཉམ་དུ་སྤེལ་ཡོད་ཀྱང་། འདི་ལོར་གཞོན་སྐྱེས་ཚོ་དང་ལྷག་པར་དུ་སློབ་གྲྭའི་སློབ་ཕྲུག་ཚོའི་ནང་བོད་ཀྱི་གནས་སྟངས་སྐོར་ལ་གོ་རྟོགས་དང་སེམས་ཚོར་གང་འདྲ་ཡོད་མེད་ཤེས་ཆེད་དང་། ཁོ་རང་ཚོར་རང་ཉིད་ལ་བོད་ཀྱི་ཐོག་ལ་སེམས་ཚོར་གང་འདྲ་ཡོད་མེད་དེ་རི་མོའི་སྒྱུ་སྩལ་ལམ་ནས་སྟོན་རྒྱུའི་གོ་སྐབས་སྐྲུན་ཆེད་དུ་ལས་འགུལ་དེ་གོ་སྒྲིག་བྱས་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་དེ་རིང་གི་ཉིན་མོ་དང་སྟབས་བསྟུན་ནས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། རྒྱ་ནག་གཞུང་གིས་བོད་ནང་དུ་བརྟན་ལྷིང་ཡོངས་ཐབས་ཀྱི་སྲིད་ཇུས་ཁ་ལ་འཁྱེར་ནས། བོད་མི་མང་པོ་ཞིག་འཛིན་བཟུང་དང་མནར་གཅོད་བྱེད་ཀྱི་ཡོད་པ། དེ་བཞིན་ཞི་ཅིན་ཕིང་སྲིད་འཛིན་ཆགས་ནས་བཟུང་བོད་ནང་དུ་བཙོན་པ་མང་དུ་ཕྱིན་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ། རྒྱ་ནག་དེ་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ཚོགས་མི་ཞིག་ཡིན་ཡང་། དེ་མཚུངས་ཀྱི་བརྩི་མཐོང་ལྡན་པའི་ལས་ལ་འཇུག་གི་མེད་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་སོང་།

དཔེ་སྟོན་སློབ་གྲྭའི་བྱ་དགའ་ཐོབ་པའི་རི་མོ།

རི་མོ་འགྲན་སྡུར་དེ་ཆུ་ཚོད་གཅིག་རིང་བྱས་རྗེས། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གི་སྡེ་ཚན་དང་། ཉིན་མོའི་སློབ་གྲྭའི་སློབ་ཕྲུག་གི་སྡེ་ཚན་བཅས་གཉིས་ནས་རྩེ་ཕུད་གསུམ་རེ་ལ་བྱ་དགའ་སྤྲད་ནས། བྱ་དགའ་ཐོབ་མཁན་གྱི་རི་མོ་དང་རི་མོ་གཞན་རྣམས་འགྲེམས་སྟོན་བྱས་ཡོད་པ་རེད།

དགུ་བཅུ་གསུམ་གྱིས་རི་མོ་དེ་དག་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་དང་དོན་དག་ཡོད་པ་རྣམས། སྟོད་ཐུང་སོགས་ཀྱི་ཐོག་ལ་པར་བཤུས་བརྒྱབ་ནས་སློབ་ཕྲུག་རང་ཉིད་ལ་ཡང་སེམས་འགུལ་ཐེབས་ཆེད་ཀྱི་སྡིངས་ཆ་སྐྲུན་རྒྱུ་ཡིན་འདུག་པ་དང་། མ་འོངས་པར་རི་མོའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྩིས་ཡོད་འདུག དེ་བཞིན་ཕྱི་དྲོར་མར་མེ་ཁྲོམས་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།