སློབ་མ་ཞིག་གི་བོད་དོན་ཆེད་རང་ལུས་མེར་སྲེག

ཕྱི་ཟླ་༢ ཚེས་༢༩ ཉིན་གྱི་སྔ་དྲོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་རྡོ་རྗེ་ཚེ་རིང་གིས་བོད་དོན་སྐད་འབོད་བྱས་ཏེ། རང་ལུས་མེར་སྲེག་བཏང་ནས་ད་ལྟ་སྨན་ཁང་དུ་ཡོད་ནའང་། གཟུགས་པོ་ཧ་ཅང་ཤུགས་ཆེན་པོ་ཚིགས་ཡོད་འདུག

dorjee tseren123དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་གར་ལྡེ་ར་ལྡུན་ལཱ་ཁ་ཝ་ལ་ས་གནས་སུ་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་ཁོང་གིས་བོད་རང་བཙན་ཡིན་པའི་སྐད་འབོད་བྱས་ཡོད་འདུག ལུས་ཐོག་གི་མེ་བསད་དེ་སྨན་ཁང་དུ་ཁྲིད་སྐབས། ཁོང་གིས་བོད་དོན་ཆེད་དུ་ཡིན་སྐོར། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་བརྗོད་ཡོད་འདུག

ཁོང་གིས་ཨ་མས་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་མོ་ལ་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག སྐབས་དེར་ཨ་མས་དེ་འདྲ་བྱེད་མི་ཉན། སློབ་སྦྱོང་ཡག་པོ་གྱིས། ཁྱེད་ཀྱིས་དེ་འདྲ་བྱས་ན་མོ་ཤི་ཡི་ཡིན་སྐོར་བརྗོད་ནས་ཁ་ཉན་ཡོད་འདུག་ལ། དེའི་རྗེས་སུ་ཡང་ཁོང་གི་ཕ་ལ་ཡང་དེ་ལྟར་བརྗོད་ཡོད་འདུག
སྨན་ཁང་ནང་དུ་ཁོང་གིས་སྐད་ཆ་བཤད་དོན། རྒྱ་ནག་འོག་ཏུ་བོད་ཤོར་བ་དང་། བོད་པ་ཚོ་བོད་ནང་དང་། རྒྱ་གར་ནང་བསྡད་ཡོད་སྐོར་དང་། ཁ་ཤས་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་རེད། ང་རང་ཆུང་དུས་ནས་བོད་དོན་ཆེད་ལས་ཀ་ཞིག་བྱེད་འདོད་སྐོར། ཁོང་གིས་སྣུམ་དང་ཙག་སྒྲ་ཚང་མ་ཁོ་རང་གིས་ཉོས་པ་ཡིན་སྐོར། ཕ་མ་གཉིས་ལ་དེའི་སྔོན་ལབ་ཡོད་སྐོར། བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་ལམ་དང་། རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་བརྗོད་འདུག
༡༩༩༩ ལོར་སྐྱེས་པ་དང་། ད་ལྟ་མ་སུ་རི་བོད་ཁྱིམ་གྱི་འཛིན་གྲྭ་༡༠ ཡིན་འདུག ཕ་མིང་ལ་ཐུབ་བསྟན་དང་། མ་མིང་ལ་ཉི་མ་གཡང་འཛོམས་ཟེར་གྱི་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།