སློབ་ཡོན་མཐོ་དྲགས་ནས་ནེ་རུ་གཙུག་ལག་སློབ་ཁང་དུ་བོད་པའི་སློབ་མ་ཉུང་དུ་ཕྱིན་འདུག
རྒྱ་གར་ནང་གི་གཙུག་ལག་སློབ་ཁང་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་སློབ་མ་རྣམས་ལ། རྒྱ་གར་གྱི་མི་སེར་ཡིན་པའི་སློབ་མ་རྣམས་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་གྱི་ཡོད་ཀྱང་། སྙན་གྲགས་ཆེ་བའི་ནེ་རུ་གཙུག་ལག་སློབ་ཁང་གིས་ཕྱི་ལོ་༢༠༡༩ ལོར་བོད་ཀྱི་སློབ་མ་ཚོར་ཕྱི་རྒྱལ་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་འགོ་བཙུགས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་པ་དང་། དཀའ་ངལ་དེ་ད་དུང་སེལ་རྒྱུ་ཡིན་འདུག
ཟླ་༨ པའི་ཚེས་༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་དགྲ་འདུལ་གྱིས་ངོ་དེབ་ཐོག་ཏུ། གཙུག་ལག་སློབ་ཁང་དེར་ཡོད་པའི་བོད་པའི་སློབ་མ་རྣམས་ཀྱི་ཛ་དྲག་འབོད་སྐུལ་ཞེས་པའི་འཕྲིན་ཡིག་གཅིག་བཀོད་འདུག་པ་དང་། དེ་ནི་གཙུག་ལག་སློབ་ཁང་དེས་བོད་པའི་སློབ་མ་རྣམས་ལ། ཕྱི་རྒྱལ་གྱི་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ལེན་འགོ་བཙུགས་ནས་བཟུང་། སློབ་མ་ཁག་ཅིག་སློབ་མཚམས་འཇོག་དགོས་བྱུང་བ་དང་། མང་པོ་ཞིག་ཚུད་རྒྱུགས་ལོན་ཡང་སློབ་ཞུགས་བྱས་མེད་པ། སློབ་ཡོན་དེ་འདྲ་ལེན་གྱི་ཡོད་པ་དེ་ནི་རྒྱ་གར་དབུས་གཞུང་གིས་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤ དང་འགལ་གྱི་ཡོད་པ། དཀའ་ངལ་དེ་སེལ་ཆེད་དུ་འབྲེལ་ཡོད་གང་སར་ཞུས་ཀྱང་གནད་དོན་སེལ་ཐུབ་མེད་པས་གང་མགྱོགས་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
དེ་ཡང་འཕྲིན་ཡིག་དེའི་ནང་འཁོད་པའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༡༩ ལོར་ནེ་རུ་གཙུག་ལག་སློབ་ཁང་དུ་བཙན་བྱོལ་བོད་པའི་སློབ་མ་༤༢ ཞིག་ཚུད་རྒྱུགས་ལོན་ཡོད་འདུག་ཀྱང་། དེ་སྔོན་དང་མི་འདྲ་བར་བོད་པའི་སློབ་མ་རྣམས་ལ། སློབ་ཡོན་དེ་ཕྱི་རྒྱལ་སློབ་མ་དང་གཅིག་མཚུངས་ལེན་རྒྱུ་ཐག་གཅོད་བྱས་ཡོད་འདུག དེ་ཡང་འབྱུང་རིག་སློབ་མ་རྣམས་ལ་ལོ་རེར་སྡོད་ཁང་དང་ཁ་ལག་མ་ཚུད་པའི་སློབ་ཡོན་ཨ་སྒོར་༢༠༠ ནས་༢༤༠༠ ལ་སྤར་འདུག་པ་དང་། ཚན་རིག་སློབ་མ་རྣམས་ལ་ཨ་སྒོར་༢༠༠ ནས་༣༤༠༠ ལ་སྤར་ཡོད་འདུག་པས། སྤར་ཆའི་བརྒྱ་ཆ་ནི་༡༠༠༠ ལྷག་ཡིན་འདུག་ཁར། ཧིན་སྒོར་ལ་བསྒྱུར་ན་འབྱུང་རིག་སློབ་མར་འབུམ་གཉིས་མ་ཟིན་ཙམ་དང་། ཚན་རིག་སློབ་མར་ཧིན་སྒོར་འབུམ་གཉིས་དང་ཁྲི་དྲུག་ཙམ་ཡིན་འདུག་པས། ལོ་དེར་ཚུད་རྒྱུགས་ལོན་པའི་སློབ་མ་༤༢ ནས་༣༢ ཀྱིས་སློབ་ཡོན་མཐོ་དྲགས་པའི་རྐྱེན་གྱིས་སློབ་ཞུགས་བྱས་མེད་འདུག སློབ་མ་ལྷག་མ་༡༠ ཡིས་གནད་དོན་དེ་སེལ་བའི་རེ་བ་བཅང་ནས་སློབ་ཞུགས་བྱས་འདུག་ཀྱང་། གནད་དོན་སེལ་ཐུབ་མེད་པས་སློབ་མ་༣ ལོ་ཕྱེད་རྗེས་སློབ་མཚམས་འཇོག་དགོས་འཁེལ་ཡོད་འདུག
རྒྱ་གར་གྱི་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གིས་བཙན་བྱོལ་བོད་པའི་སློབ་མ་རྣམས་ལ། སློབ་འཇུག་དེ་ཕྱི་རྒྱལ་སློབ་མའི་སྡེ་ཚན་ཁོངས་ནས་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། སློབ་ཡོན་དེ་རྒྱ་གར་གྱི་སློབ་མ་དང་གཅིག་མཚུངས་ལེན་གྱི་ཡོད་པ་རེད་ལ། མཐོ་སློབ་ཁང་གཞན་མང་པོ་ཞིག་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད།
སློབ་མ་རྣམས་ཀྱིས་ནེ་རུ་གཙུག་ལག་སློབ་ཁང་གི་འཛིན་སྐྱོང་དང་། དབུས་གཞུང་གི་(Human Resource Development) བློན་ཆེན་ལས་ཁང་། ལྡི་ལིའི་སྐུ་ཚབ་དོན་གཅོད། བོད་མིའི་སྒྲིག་འཛུགས། དེ་བཞིན་ཤུགས་རྐྱེན་ཡོད་པའི་བོད་མི་ཁག་ཅིག་སོགས་གནད་དོན་དེའི་ཐོག་ཞུ་གཏུག་བྱས་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དུ་ཡང་གནད་དོན་དེའི་ཐོག་གླེང་སློང་བྱུང་ཡོད་པ་རེད། ཡིན་ཡང་ད་བར་གནད་དོན་དེ་སེལ་ཐུབ་མེད་པས། སློབ་མ་ལྷག་མ་༧ སློབ་ཡོན་ཆེན་པོ་དེ་འདྲ་འོག་མུ་མཐུད་ནས་མཐོ་སློབ་ཁང་དེར་སློབ་སྦྱོང་བྱེད་དགོས་མིན་ཐེ་ཚོམས་སྐྱེས་ནས་བསྡད་ཡོད་སྐོར་བརྗོད་འདུག
བོད་པའི་སློབ་མ་རྣམས་ལ་སློབ་ཡོན་སྤར་བའི་རྐྱེན་གྱིས་ད་ལྟའི་ཆར་སློབ་མ་༡༣ མ་གཏོགས་མེད་པ་དང་། དེ་སྔོན་ཡིན་ན་༦༠ ལས་མང་བ་ཡོད་འདུག་པས། དེས་བོད་མིའི་ཤེས་ཡོན་འཕེལ་རྒྱས་དང་འཐབ་རྩོད་ལ་གྱོང་གུད་ཐེབས་རྒྱུ་ཡིན་པ་དང་། གནད་དོན་དེ་མ་སེལ་ཚེ་མ་འོངས་པར་རྒྱ་གར་དབུས་གཞུང་གིས་འགྲོ་སོང་གཏོང་ཡུལ་གྱི་མཐོ་སློབ་གཞན་གྱིས་ཀྱང་བོད་པའི་སློབ་མ་རྣམས་ལ་སློབ་ཡོན་དེ་སྤར་སྲིད་པའི་ཉེན་ཁ་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་དབུས་གཞུང་དང་མཉམ་དུ་བཙན་བྱོལ་བོད་མིའི་སློབ་མ་རྣམས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་འཇུག་བྱེད་པའི་ལམ་སྟོན་ཞིབ་ཕྲ་ཞིག་བཟོ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག
དེ་སྔོན་ཝར་ན་སིར་ཡོད་པའི་(Banaras Hindu University) ལ་ཡང་གནད་དོན་དེ་འདྲ་ཞིག་བྱུང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་རོགས་རམ་འོག་གནད་དོན་སེལ་ཐུབ་ཡོད་སྐོར་འདུག
གྲོས་ཚོགས་ནང་གནད་དོན་དེ་གླེང་སློང་བྱུང་སྐབས་ནེ་རུ་གཙུག་ལག་སློབ་ཁང་དུ་ཡོད་པའི་བོད་མི་སློབ་མ་ཁག་ཅིག་གིས། རྒྱ་གར་དབུས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་ཅིག་ལ་མཉམ་ཞུགས་བྱས་རྐྱེན། སློབ་ཡོན་སྤར་བ་ཡིིན་ཚུལ་གླེང་སློང་ཡང་བྱུང་ཡོད་ནའང་། བདེན་པ་ཡིན་མིན་ཁ་གསལ་བྱུང་མི་འདུག།།
གསར་འགོད་པ་སྐལ་བཟང་དོན་གྲུབ།