ཧ་མ་སི་དང་ཨི་སི་རིལ་གཉིས་ཀྱི་དམག་འཁྲུག་ཐོག་རྒྱ་གར་གྱིས་སོ་སོའི་ལངས་ཕྱོགས་གསལ་སྟོན་བྱས།
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་Firstpost ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དམག་དཔུང་དང་ཨི་སི་རིལ་གཉིས་ཀྱི་དམག་འཁྲུག་ཐོག་རྒྱ་གར་གྱིས་སོ་སོའི་ལངས་ཕྱོགས་གསལ་བོ་བཟོས་ཡོད་པ་དང་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་། རྒྱ་གར་དང་ཨི་སི་རིལ་བར་གྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་འདུག

བདུན་ཕྲག་སྔ་མའི་རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༦ ཙམ་ལ་ཧ་མ་སིའི་དམག་དཔུང་གིས་གློ་བུར་དུ་མེ་ཤུགས་འཕུར་མདའ་༥༠༠༠ ཙམ་གྱིས་ཨི་སི་རིལ་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་གྱིས་ཨི་སི་རིལ་ལ་འཇིགས་སྐུལ་རིང་ལུགས་པས་འཇབ་རྒོལ་བྱུང་བའི་གནས་ཚུལ་ལ་ཧོན་འཐོར་ཡོད་པ་དང་དཀའ་ཁག་ཆེ་བའི་དུས་སྐབས་འདིར་རྒྱ་གར་གྱིས་ཨི་སི་རིལ་ལ་རྒྱབ་སྐྱོར་ཡོད་ཅེས་རྒྱ་གར་གྱིས་ཨི་སི་རིལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་འདུག
རྒྱ་གར་དང་ཨི་སི་རིལ་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་ཐོག་(cfr) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ལོ་༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་རྗེས། ཨི་སི་རིལ་གྱིས་རྒྱ་གར་དང་འབྲེལ་ལམ་འཛུགས་འདོད་ཀྱིས་གྲོས་འཆར་ཞིག་བཏོན་ཡོད་ཀྱང་། ཕྱི་ལོ་༡༩༩༢ བར་རྒྱ་གར་གྱིས་ཁས་ལེན་བྱས་མེད་པ་རེད་འདུག
ཕྱོགས་གཉིས་ཀྱི་བར་གཞུང་འབྲེལ་གྱི་འབྲེལ་བ་བཙུགས་པའི་རྗེས་ཨི་སི་རིལ་ནི་རྒྱ་གར་གྱི་རྒྱལ་སྲུང་མཉམ་ལས་ཀྱི་རོགས་ཟླ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ཀྱང། རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས་(UN General Assembly) ་སུ་ཨི་སི་རིལ་ལ་དགག་བྱ་བྱེད་ཀྱིན་ཡོད་པ་མ་ཟད། ཕྱི་ལོ་༢༠༠༣ ལོ་ཨི་སི་རིལ་གྱི་སྲིད་བློན་ཨེ་རལ་ ཤར་རོང་(Ariel Sharon) རྒྱ་གར་དུ་ཆེས་ཐོག་མ་འཚམས་གཟིགས་སུ་ཕེབས་དུས་ཀྱང་རྒྱ་གར་བ་མང་པོས་ཁོང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
ཡིན་ན་ཡང་། ཕྱི་ལོ་༢༠༡༤ ་ལོ་སྐུ་ཞབས་ན་རེནྡྲ་མོ་དྷི་རྒྱ་གར་གྱི་སྲིད་བློན་ཆགས་པ་དང་། དུས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཕྱི་ལོ་༢༠༡༥ དང་༢༠༡༦ བཅས་ལོ་གཉིས་བསྟུད་མར་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨི་སི་རིལ་ལ་དགག་བྱ་བྱེད་རྒྱུའི་ཚབ་ཏུ་འོས་མ་འཕངས་པར་བར་གནས་བྱས་ནས་བསྡད་ཡོད་པ་མ་ཟད། ཕྱི་ལོ་༢༠༡༧ ལོར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨི་སི་རིལ་དུ་ཕེབས་ནས་ལོ་རྒྱུས་ནང་རྒྱ་གར་གྱི་སྲིད་བློན་ཞིག་ཨི་སི་རིལ་ལ་ཕེབས་པའི་ཟིན་ཐོ་གསར་པ་ཞིག་བཀོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་གར་གྱི་སྲིད་བློན་དང་ཨི་སི་རིལ་གྱི་སྲིད་བློན་གཉིས་ཀ་ལ་ཁ་ཆེ་བ་མེད་པ་བཟོ་རྒྱུའི་ཐུན་མོང་གི་བསམ་བློ་ཡོད་པ་དང་ཕྱོགས་གཉིས་ཀ་ལ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་གྱི་དཀའ་ངལ་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བཟང་དུ་ཕྱིན་པ་རེད་ཅེས་རྗོད་བཞིན་འདུག
རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་མུ་མཐུད་བརྗོད་གསལ་ལྟར་ན། ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་དམག་འཁྲུག་འབྱུང་དུས་ཨ་རབ་རྒྱལ་ཁབ་ཁག་གིས་རྒྱ་གར་ལ་རྒྱབ་སྐྱོར་མ་བྱས་པར་བར་གནས་བྱས་ནས་བསྡད་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༡༩༦༥ དང་༡༩༧༡ ལོར་རྒྱ་གར་དང་པ་ཀི་སི་ཐན་བར་དམག་འཁྲུག་ཤོར་དུས། ཨ་རབ་རྒྱལ་ཁབ་ཚོས་པ་ཀི་སི་ཐན་ལ་ཆབ་སྲིད་དང་དམག་དོན་ཐོག་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། སྐབས་དེར་ཨི་སི་རིལ་གྱིས་རྒྱ་གར་ལ་གོ་མཚོན་སོགས་ཀྱི་རོགས་རམ་བྱས་ཡོད་པ་མ་ཟད། ཕྱི་ལོ་༡༩༩༩ ལོའི་ཀར་གྷིས་(Kargil) ་དམག་འཁྲུག་གི་དུས་སུ་ཡང་ཨི་སི་རིལ་གྱིས་རྒྱ་གར་ལ་མཚོན་ཆས་རོགས་རམ་བྱས་ནས་རྒྱ་གར་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པས་ལོ་རྒྱུས་དེ་དག་ལ་གཞིགས་ནས་རྒྱ་གར་གྱིས་ཐེངས་འདིར་ཨི་སི་རིལ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད་ཅེས་བརྗོད་འདུག
ཕྱི་ལོ་༡༩༩༢ ལོར་ཕྱོགས་གཉིས་བར་གཞུང་འབྲེལ་གྱི་འབྲེལ་ལམ་ཐོག་མ་བཙུགས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༡༤ ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ནས་ད་ལྟའི་ཆར། རྒྱ་གར་ནི་འཛམ་གླིང་ཁྲོད་ཨི་སི་རིལ་གྱི་ཚོང་ཤག་ཨང་བདུན་པ་དེ་ཡིན་པ་དང་། ཨི་སི་རིལ་ནི་རྒྱ་གར་གྱི་ལ་གོ་མཚོན་འཚོང་མཁན་ཨང་གསུམ་པ་དེ་ཆགས་ཡོད་འདུག
དཀའ་རྙོག་ཆེ་བའི་དུས་སྐབས་གང་འདྲ་ཡིན་རུང་། རྒྱ་གར་གྱིས་ཕྱོགས་གཅིག་ལ་མཆོངས་ནས་ལངས་ཕྱོགས་གསལ་སྟོན་བྱེད་རྒྱུ་ཉུང་ཉུང་ཡིན་པ་དང་། ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་དང་མ་འདྲ་བར་ཐེངས་འདིའི་དམག་འཁྲུག་ཐོག་རྒྱ་གར་གྱིས་ཨི་སི་རིལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།