ཧ་མ་སི་དང་ཨི་སི་རེལ་གྱི་དམག་འཁྲུག་གིས་ཨ་རིའི་ནང་ཡོད་པའི་ཕྱོགས་གཉིས་ཀྱི་མི་སེར་ཚོའི་དཀའ་ངལ།
ཟླ་འདིའི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་ཚོས་ཨི་སི་རེལ་དང་ཧ་མ་སི་གཉིས་ཀྱི་དམག་འཁྲུག་ཐོག་གྲོས་བསྡུར་བྱས་ཡོད་འདུག་ལ། ཨི་སི་རེལ་གྱིས་གནམ་རྒོལ་བྱས་ནས་ད་བར་གྷ་རྫ་ལ་ཡོད་པའི་མི་གྲངས་བཞི་སྟོང་ལྷག་བསད་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་ཕྲོ་བྲང་དཀར་པོས་བརྗོད་གསལ་ལྟར་ན། ཟླ་འདིའི་ཚེས་༢༢ ཉིན་ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་གྱི་སྲིད་བློན་དང་བཀའ་མོལ་གནང་རྗེས། ཧྥ་རན་སི་དང་དབྱིན་ཇི། འཇར་མན་དང་ཁེ་ན་ཌ། ཨི་ཊ་ལི་བཅས་ཀྱི་འགོ་ཁྲིད་ཚོ་ལ་ཁ་པར་བཏང་ནས་ཧ་མ་སི་དང་ཨི་སི་རེལ་གྱི་དམག་འཁྲུག་ཐོག་གྲོས་བསྡུར་བྱས་ཡོད་འདུག རྒྱལ་ཁབ་དེ་དག་གིས་ཨི་སི་རེལ་ལ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་གིས་མི་སེར་ཚོ་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཨི་སི་རེལ་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་དུ་ནན་བརྗོད་བྱས་ཡོད་འདུག
ཧ་མ་སིས་ད་བར་མི་གྲངས་༢༢༢ འཛིན་བཟུང་བྱས་ནས་གཏའ་མ་ལ་ཉར་ཡོད་པ་ཨི་སི་རེལ་གྱིས་བརྗོད་འདུག་པ་མ་ཟད། ཨི་སི་རེལ་གྱིས་ད་བར་གྷ་རྫ་ཁུལ་དུ་དམིགས་འབེན་༣༢༠ ལ་གཏོར་རྒོལ་བྱས་ཡོད་ཅེས་བརྗོད་འདུག པ་ལི་སི་ཐན་གྱི་འགོ་ཁྲིད་ཚོས་བརྗོད་གསལ་ལྟར་ན། ཨི་སི་རེལ་གྱིས་སྔོན་བརྡ་གང་ཡང་མ་བཏང་བར་གྷ་རྫ་ལ་ཡོད་པའི་སྡོད་ཁང་དག་གཏོར་གྱི་ཡོད་འདུག
ཨི་སི་རེལ་གྱིས་གྷ་རྫ་ལ་གནམ་རྒོལ་བྱས་ནས་ད་བར་པ་ལི་སི་ཐན་གྱི་མི་གྲངས་༤༧༤༡ བསད་ཡོད་པའི་ཁྲོད་ནས་བརྒྱ་ཆ་༤༠% ནི་ཕྲུ་གུ་ཡིན་པ་ཧ་མ་སིའི་དབང་བསྒྱུར་འོག་ཡོད་པའི་གྷ་རྫ་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་འདུག
ཨི་སི་རེལ་གྱིས་གྷ་རྫ་ལ་དཔུང་འཇུག་བྱེད་ཆེད་ཐང་ག་རི་(Tank) ་དང་དམག་མི་༣༥༠༠༠༠ ལྷག་གྷ་རྫ་དང་ཨི་སི་རེལ་གྱི་ས་མཚམས་སུ་བཏང་ཡོད་འདུག དཀྱིལ་ཤར་ཨེ་ཤེ་ཡའི་ཁུལ་དུ་ཟིང་འཁྲུག་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་རྒྱ་ནག་གི་དམག་གྲུ་༦ དཀྱིལ་ཤར་ཨེ་ཤེ་ཡའི་ཕྱོགས་སུ་བཏང་ཡོད་འདུག
ཨི་རན་ཕྱི་སྲིད་བློན་ཆེན་གྱིས་ཨི་སི་རེལ་གྱིས་གྷ་རྫ་ལ་གཏོར་རྒོལ་བྱེད་རྒྱུ་མཚམས་འཇོག་མ་བྱས་ན། དམག་འཁྲུག་གི་གནས་སྟངས་དེ་སྟངས་འཛིན་བྱེད་ཐབས་བྲལ་བའི་གནས་སུ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
བདུན་ཕྲག་སྔོན་མའི་ནང་ཨ་རིར་གནས་སྡོད་བྱེད་མཁན་ལོ་ན་དྲུག་ལ་སོན་པའི་པ་ལི་སི་ཐན་གྱི་ཕྲུ་གུ་ཞིག་ལ་མི་ཞིག་གིས་གྲི་ཐེངས་ཉི་ཤུ་ལྷག་བཙུགས་ནས་དམར་གསོད་བཏང་ཡོད་འདུག་ལ། དམར་གསོད་གཏོང་དགོས་དོན་ཡང་ཁོང་ཉིད་པ་ལི་སི་ཐན་ཡིན་པའི་དབང་གིས་རེད་འདུག་པས། ད་ལྟའི་ཆར་ཧ་མ་སི་དང་ཨི་སི་རེལ་གཉིས་ཀྱི་དམག་འཁྲུག་ལ་བརྟེན། ཨ་རིའི་ནང་ཡོད་པའི་པ་ལི་སི་ཐན་བ་དང་རྗེའུ་བ་ཚོ་ལ་འཇིགས་སྐུལ་དང་སྡང་སེམས་འཆང་མཁན་མང་དུ་འགྲོ་བཞིན་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།
