ཧ་མ་སི་དང་ཨི་སི་རེལ་བར་ཉིན་བཞིའི་རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་འདུག།
ཟླ་འདིིའི་ཚེས་༢༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧ་མ་སི་དང་ཨི་སི་རེལ་གཉིས་ཀྱི་བར་ཉིན་བཞིའི་རིང་དམག་མཚམས་འཇོག་རྒྱུ་དང་གཏའ་མི་༥༠ གློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་བའི་ཆར་ཧ་མ་སིས་གཏའ་མི་༥༠ གློད་བཀྲོལ་གཏོང་རྒྱུ་དང་དེའི་ཚབ་ཏུ་ཨི་སི་རེལ་གྱིས་ཉིན་བཞིའི་རིང་དམག་མཚམས་འཇོག་རྒྱུ་བཅས་ཕྱོགས་གཉིས་བར་གྲོས་མཐུན་བྱུང་ཡོད་འདུག དམག་མཚམས་འཇོག་རྒྱུའི་གསལ་བསྒྲགས་དེ་ཆུ་ཚོད་༢༤ ནང་སྤེལ་རྒྱུ་དང་། གལ་སྲིད་ཕྱོགས་གཉིས་བར་གྲོས་མཐུན་དེ་ལེགས་གྲུབ་བྱུང་ཚེ། ཟླ་༡༠ ཚེས་༧ ཉིན་ཏེ། དམག་འཁྲུག་འགོ་བཙུགས་ནས་ད་བར་ཕྱོགས་གཉིས་བར་དམག་མཚམས་འཇོག་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ཧ་མ་སིས་བརྗོད་གསལ་ལྟར་ན། གྲོས་མཐུན་དེའི་འོག་ཏུ་ད་དུང་ཨི་སི་རེལ་གྱི་བཙོན་ལ་ཡོད་པའི་པ་ལི་སི་ཐན་གྱི་བུད་མེད་དང་གཞོན་སྐྱེས་༡༥༠ གློད་བཀྲོལ་གཏོང་དགོས་ཀྱི་ཡོད་འདུག
ཨི་སི་རེལ་གྱིས་དམག་མཚམས་དེ་ནི་དམག་འཁྲུག་མཇུག་བསྒྲིལ་པ་ཞིག་མིན་པར། ཧ་མ་སི་རྩ་མེད་གཏོང་རྒྱུའི་ཁས་ལེན་བསྐྱར་དུ་ནན་བརྗོད་བྱས་ཡོད་འདུག
ལོ་འདིའི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཞིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་འདུག
ཨི་སི་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ཤིང་། གྷ་རྫ་ལ་ཡོད་པའི་ཧ་མ་སིས་འཛིན་སྐྱོང་བྱེད་བཞིན་པའི་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ད་བར་ཨི་སི་རེལ་གྱིས་ཕྲུ་གུ་༥༠༠༠ གཙོས་པའི་མི་གྲངས་༡༤༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པར་བརྗོད་པའི་གནས་ཚུལ་སྤེལ་འདུག།།
གསར་འགོད་པ་བློ་བཟང་རྒྱ་མཚོ།
Comments are closed.