ཧ་མ་སིའི་དྲག་དཔུང་གི་འགོ་ཁྲིད་གསར་པ་ཨི་སི་རེལ་གྱིས་བསད་ཟིན་པར་བསྒྲགས།
ཟླ་འདིའི་ཚེས་༡༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱི་བཙོན་འོག་ཏུ་མི་ལོ་ཉི་ཤུ་ལྷག་བསྡད་མྱོང་མཁན་དང་། ཉེ་ཆར་གསར་དུ་བསྐོ་བཞག་བྱས་པའི་ཧ་མ་སི་དྲག་དཔུང་གི་འགོ་ཁྲིད་དེ་ཨི་སི་རེལ་གྱིས་བསད་ཟིན་འདུག
ཟླ་འདིའི་ཚེས་༡༧ ་གྱི་དགོང་མོར་ཨི་སི་རེལ་གྱི་དམག་དཔུང་གིས་གྷ་ཛའི་ལྷོ་ཕྱོགས་ས་ཁུལ་རྰ་ཧྥ་ལ་དཔུང་འཇུག་བྱེད་པའི་སྐབས། ཧ་མ་སིའི་འགོ་ཁྲིད་གཙོ་བོ་ཡ་ཡ་སིན་ཝར་(Yahya Sinwar) ་གཙོས་པའི་དམག་མི་གསུམ་བསད་ཟིན་པའི་གསལ་བསྒྲགས་ཤིག་སྤེལ།
ལོ་འདིའི་ཕྱི་ཟླ་བདུན་པའི་ནང་ཧ་མ་སིའི་འགོ་ཁྲིད་ཨིས་ཧ་ནི་ཡེ་(Ismail Haniyeh) ་ཨི་རན་གྱི་རྒྱལ་ས་ཏེ་ཧེ་རན་དུ་ཨི་རན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་ལ་བཅར་སྐབས་ཨི་སི་སེལ་གྱིས་ལྐོག་གསོད་བཏང་བར་བརྟེན། ལོ་འདིའི་ཕྱིི་ཟླ་༨ ་པའི་ནང་ཡ་ཡ་སིན་ཝར་(Yahya Sinwar) ་ནི་ཁོང་གི་ཚབ་ཏུ་ཧ་མ་སིའི་འགོ་ཁྲིད་དུ་བསྐོ་བཞག་བྱས། དུས་དེ་ནས་ཁོང་གིས་ཨི་རན་དང་མཉམ་ལས་བྱས་ནས་ཧ་མ་སིའི་སྟོབས་ཤུགས་ཇེ་ཆེར་གཏོང་ཐབས་བྱས་ཡོད་འདུག།
སིན་ཝར་ནི་ཕྱི་ལོ་༡༩༦༢ ་ལོར་གྷ་ཛའི་ལྷོ་ཕྱོགས་ཀྱི་ཁན་ཡུ་ནི་སི་(Khan Younis) ཞེས་པའི་སྐྱབས་བཅོལ་བའི་སྡོད་གནས་ཤིག་ཏུ་སྐྱེས་ཤིང་། ཕྱི་ལོ་༡༩༨༠ ལོ་ཧ་མ་སིའི་དྲག་དཔུང་ནང་དུ་ཞུགས་ཡོད་པ་དང་། ཁོང་གིས་(Al Majd) ་ཞེས་པའི་ཧ་མ་སིའི་ནང་ཁུལ་གསང་བའི་ལས་ཁུངས་ཤིག་གསར་འཛུགས་བྱས་ནས་དེའི་འགོ་ཁྲིད་ཀྱང་ཁོང་ཉིད་ཀྱིས་བྱས།
ཕྱི་ལོ་༡༩༨༨ ལོར་ཁོང་གིས་ཨི་སི་རེལ་གྱི་དམག་མི་གཉིས་དང་ཨི་སི་རེལ་དང་ལག་འབྲེལ་བྱེད་མཁན་གྱི་མི་སྣ་བཞི་བསད་པ་སོགས་ལ་བརྟེན། ཨི་སི་རེལ་གྱིས་ཁོང་འཛིན་བཟུང་བྱས་ནས་ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་རིང་བཙོན་འཇུག་བྱས་པའི་རྗེས། ཕྱི་ལོ་༢༠༡༡ ལོར་ཨི་སི་རེལ་གྱི་དམག་མི་(Gilad Shalit) ་དང་པ་ལི་སི་ཐན་གྱི་བཙོན་པ་༡༠༠༠ ་བར་བརྗེ་ལེན་གྱི་གྲོས་མཐུན་བྱུང་བའི་ཁྲོད་ཁོང་ཉིད་ཀྱང་གློད་བཀྲོལ་བཏང་ཡོད་འདུག ཁོང་གིས་བཙོན་ཁང་དུ་བསྡད་པའི་རིང་ཨི་སི་རེལ་གྱི་སྐད་ཡིག་དང་དགྲ་བོ་ཨི་སི་རེལ་གྱི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་ཞེས་བརྗོད་འདུག
ཕྱི་ལོ་༢༠༡༥ ་ལོ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁོང་ལ་འཛམ་གླིང་གི་དྲག་སྤྱོད་པའི་མིང་བཏགས་ཡོད་པ་མ་ཟད་ཉེ་ཆར་དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཀྱང་ཁོང་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག
སིན་ཝར་ཡིས་ཧ་མ་སིའི་དྲག་དཔུང་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་ཁོང་གི་གདུག་རྩུབ་དང་བཙན་གནོན་གྱི་བྱ་སྤྱོད་ལ་མིང་གྲགས་ཆེ་ཞིང་། ཨི་སི་རེལ་གྱིས་ཁོང་ནི་དེ་སྔོན་ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་པའི་རྒྱབ་ཀྱི་ཇུས་དཔོན་དང་འཆར་གཞི་འགོད་མཁན་གཙོ་བོ་ཞིག་ལ་ངོས་འཛིན་བྱས། ན་ནིང་ཧ་མ་སིའི་གཏོར་རྒོལ་དེའི་ཁྲོད་ཨི་སི་རེལ་གྱི་མི་གྲངས་༡༢༠༠ ཙམ་བསད་ཅིང་། མི་གྲངས་༢༠༠ ཙམ་བཙན་བཟུང་གིས་གཏའ་མི་རུ་ཉར། ཨི་སི་རེལ་གྱིས་གཏོར་རྒོལ་དེར་རྒོལ་ལན་བསློགས་ནས་ད་བར་ཧ་མ་སི་དྲག་དཔུང་རྣམས་གནས་སྡོད་བྱེད་ས་གྷ་རྫ་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་དྲག་པོ་བྱས་ནས་ད་བར་མི་གྲངས་༤༠༠༠༠ ་ལྷག་བསད་ཡོད་འདུག
ཨི་སི་རེལ་གྱི་སྲིད་བློན་གྱིས་ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་ཚང་མ་གློད་བཀྲོལ་མ་ཐུབ་བར་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་མིན་ཞེས་བརྗོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས། སིན་ཝར་ནི་ཨི་སི་རེལ་གྱི་དམིགས་ས་གཙོ་བོ་ཞིག་ཡིན་པ་དང་ཁོང་ཉིད་བསད་པས་ཧ་མ་སིའི་དམག་ཤུགས་ལ་དོ་ཕོག་བཏང་ཡོད་ན་ཡང་། ཁོང་བསད་པ་མ་གཏོགས་ཧ་མ་སི་བསད་མེད་པས་དམག་འཁྲུག་མུ་མཐུད་སྲིད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།