ཧ་མ་སིའི་འགོ་ཁྲིད་གསར་པ་ཨི་སི་རེལ་གྱི་བཙོན་ཁང་དུ་ལོ་མང་སྡོད་མྱོང་མཁན་ཞིག་བསྐོས་འདུག

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ངོ་ཉི་ཤུ་ལྷག་ཨི་སི་རེལ་གྱི་བཙོན་ཁང་དུ་བསྡད་མྱོང་མཁན་ཞིག་ཧ་མ་སིའི་འགོ་ཁྲིད་དུ་བསྐོ་གཞག་བྱས་འདུག

པར། ཨི་སི་རེལ་གྱི་དུས་བབ།

ཉེ་ཆར་ཧ་མ་སིའི་འགོ་ཁྲིད་ཨིས་ཧ་ནི་ཡེ་(Ismail Haniyeh) ཨི་རན་གྱི་རྒྱལ་ས་ཏེ་ཧེ་རན་དུ་ཨི་རན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་ལ་བཅར་སྐབས་ལྐོག་གསོད་བཏང་ཡོད་པ་དང་། ཁོང་གི་ཚབ་ཏུ་ལོ་ངོ་ཉི་ཤུ་ལྷག་ཨི་སི་རེལ་གྱི་བཙོན་ཁང་ནང་ཨི་སི་རེལ་གྱི་སྐད་དང་དགྲ་བོའི་སྐོར་སློབ་སྦྱོང་བྱེད་མྱོང་མཁན་ཡ་ཡ་སིན་ཝར་(Yahya Sinwar) ་ཟེར་བ་ཞིག་བསྐོ་གཞག་བྱས་འདུག

སིན་ཝར་ནི་ཕྱི་ལོ་༡༩༦༢ ལོར་གྷ་ཛའི་ལྷོ་ཕྱོགས་ཀྱི་ཁན་ཡུ་ནི་སི་(Khan Younis) ་སྐྱབས་བཅོལ་བའི་སྡོད་གནས་ཤིག་ཏུ་སྐྱེས་ཤིང་། ཕྱི་ལོ་༡༩༨༠ ལོ་ཧ་མ་སིའི་དྲག་དཔུང་ནང་དུ་ཞུགས་ཡོད་པ་དང་། ཁོང་ནི་(Majd) ་ཞེས་པའི་ནང་ཁུལ་གསང་བའི་ལས་ཁུངས་འཛུགས་མཁན་གྱི་གྲས་ཤིག་ཀྱང་ཆགས་ཡོད་འདུག

ཕྱི་ལོ་༡༩༨༨ ལོར་ཁོང་ལ་ཨི་སི་རེལ་གྱི་དམག་མི་གཉིས་དང་ཨི་སི་རེལ་དང་ལག་འབྲེལ་བྱས་པའི་དོགས་ཡོད་མི་སྣ་བཞི་བསད་པའི་ཉེས་པ་ཕོག་སྟེ་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་བཙོན་འཇུག་བྱས་རྗེས། ཕྱི་ལོ་༢༠༡༡ ལོར་ཨི་སི་རེལ་གྱི་དམག་མི་(Gilad Shalit) ་དང་པ་ལི་སི་ཐན་གྱི་བཙོན་པ་༡༠༠༠ ་བར་བརྗེ་ལེན་གྱི་གྲོས་མཐུན་བྱུང་བའི་ཁྲོད་ཁོང་ཉིད་ཀྱང་གློད་བཀྲོལ་བཏང་ཡོད་འདུག ཁོང་གིས་བཙོན་ཁང་དུ་བསྡད་པའི་རིང་ཨི་སི་རེལ་གྱི་སྐད་ཡིག་དང་དགྲ་བོའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་ཞེས་བརྗོད་འདུག

སིན་ཝར་ཡིས་ཧ་མ་སིའི་དྲག་དཔུང་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་ཁོང་གི་གདུག་རྩུབ་དང་བཙན་གནོན་གྱི་བྱ་སྤྱོད་ལ་མིང་གྲགས་ཆེན་པོ་ཡོད་འདུག ཨི་སི་རེལ་གྱིས་ཁོང་ནི་དེ་སྔོན་ཧ་མ་སིས་ཨི་སི་རེལ་ལ་གཏོར་རྒོལ་བྱས་པའི་རྒྱབ་ཀྱི་ཇུས་དཔོན་དང་འཆར་གཞི་འགོད་མཁན་གཙོ་བོ་ཞིག་ལ་ངོས་འཛིན་དང་ཉེས་འཛུགས་བྱས་ཡོད་འདུག
ཕྱི་ལོ་༢༠༡༥ ལོ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁོང་ལ་འཛམ་གླིང་དྲག་སྤྱོད་པའི་མིང་བཏགས་ཡོད་པ་མ་ཟད་ཉེ་ཆར་དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཀྱང་ཁོང་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག

ཧ་མ་སིའི་འགོ་ཁྲིད་ཨི་སི་མ་ཨེལ་ཧ་ནི་ཡཱ་(Ismail Haniyeh) ་ཟེར་བ་ཁོང་ཕྱི་ལོ་༢༠༡༩ ནས་ཁ་ཐར་རྒྱལ་ཁབ་ཏུ་བཙན་བྱོལ་དུ་བསྡད་ཡོད་པ་དང་། ཁོང་གིས་ཨ་རི་དང་ཁ་ཐར། ཨི་ཇིབ་བཅས་ཀྱི་བར་འདུམ་འོག་ཨི་སི་རེལ་དང་ཧ་མ་སིའི་བར་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་ཡོང་ཐབས་བྱེད་མཁན་གཙོ་བོ་ཞིག་ཆགས་ཡོད་ན་ཡང་། ཁོང་དང་ཧ་མ་སིའི་འགོ་ཁྲིད་གཞན་པ་ཚོས་གྲོས་འཆར་དང་ལངས་ཕྱོགས་ཐད་རྟག་ཏུ་སིན་ཝར་དང་གྲོས་བསྡུར་བྱེད་ཀྱི་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།