ཧ་ཝར་སློབ་ཆེན་ནང་ཕྱི་རྒྱལ་སློབ་ཕྲུག་འགོག་དོན་གཙོ་བོ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་ཕྲུ་གུ་ལ་བརྟེན་ནས་ཡིན་པར་བརྗོད།

ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ཆེས་སྙན་གྲགས་ཆེ་བའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ལ་ཕྱི་རྒྱལ་གྱི་སློབ་ཕྲུག་ཡོང་རྒྱུར་བཀག་འགོག་བྱས་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་ཡོད་པར་བརྗོད་པ་དང་།  ལྷག་ཏུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ཕྲུ་གུ་རྣམས་ཧ་ཝར་ཌིའི་ནང་དུ་ཡོང་ནས་ཨ་རིའི་ཁེ་ཕན་མང་པོ་ཞིག་ཁོང་ཚོས་ལེན་བཞིན་ཡོད་ཚུལ་བརྗོད་ནས་བཀག་ཡོད་འདུག

ཕྱི་ཚེས་༢༧ ཉིན་(China Insider)རྒྱ་ནག་ནང་ལོགས་ཞེས་པའི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ཚེས་༢༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཕྱི་རྒྱལ་གྱི་སློབ་མ་རྣམས་བཀག་འགོག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གི་སློབ་ཕྲུག་སྟོང་ཕྲག་གཅིག་ལྷག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བརྗོད་འདུག དེ་བཞིན་དམིགས་བསལ་སྤྱི་ཚོགས་དྲྭ་ལམ་དང་མི་མང་ཁྲོད་གླེང་སློང་ཆེན་པོ་ཞིག་ཡོང་བཞིན་པ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བུ་མོ་མིང་ལ་(Xi Mingze)ཞི་མིང་ཙི་ཟེར་བ་ད་ལྟ་རང་ལོ་༣༣ ཡིན་པ་དེ། ད་ལྟ་ཨ་རིའི་ནང་གནས་སྡོད་བྱེད་བཞིན་ཡོད་འདུག་པས་དེའི་སྐོར་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག 

ཞི་ཅིན་ཕིང་གི་བུ་མོའི་སྐོར་གླེང་སློང་བྱེད་དགོས་དོན་རྒྱུ་རྐྱེན་གཙོ་བོ་ནི། འདི་ལོའི་ཨ་རིའི་གསང་བའི་ལས་ཁུངས་(National  Intelligence Agency) ཀྱི་འགན་འཛིན་(Tulsi gabbared)ཟེར་བའི་བུད་མེད་དེས། དེ་སྔོན་ཨོ་བྷ་མ་ཨ་རིའི་སྲིད་འཛིན་ཡིན་དུས་རྒྱ་ནག་གི་ད་ལྟའི་སྲིད་འཛིན་སྒེར་གཅོད་པའམ་གཅིག་བསྡུའི་དབང་འཛིན་རིང་ལུགས་པ་ཞི་ཅིན་ཕིང་གི་བུ་མོ་དེ་སྙན་གྲགས་ཆེ་བའི་ཨ་རིའི་གཙུག་ལག་སློབ་ཆེན་ཧ་ཝར་ཌིའི་ནང་གང་འདྲ་ཡོང་བ་རེད། མོ་ཧ་ཝར་ཌིའི་ནང་ཡོང་བ་མ་ཟད། བུད་མེད་དེའི་སློབ་ཡོན་ཆ་ཚང་དང་། བུད་མེད་དེའི་སྲུང་སྐྱོབ་ཆེད་དུ་སྲུང་སྐྱོབ་མི་སྣ་སོགས་ཀྱི་འགྲོ་གྲོན་ཕོན་ཆེན་པོ་ཧ་ཝར་ཌི་ནས་སྤྲད་འདུག  སུས་དེ་འདྲ་བྱས་པ་རེད་ཅེས་གླེང་སློང་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ལས་ཐོག་སྲིད་འཛིན་ཊོམ་ལ་དོ་སྣང་བྱུང་ཡོད་པར་བརྗོད་འདུག དེ་བཞིན་ཊོམ་སྲིད་འཛིན་གྱི་ལས་དུས་གཉིས་པ་འགོ་འཛུགས་དུས། ཨ་རིའི་ནང་དུ་ཡོད་པའི་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཚོས་རྒྱ་ནག་གི་སློབ་ཕྲུག་ཚོའི་བརྒྱུད་ནས་འཕྲུལ་རིགས་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཚན་རིག་སོགས་ཀྱི་གསང་བ་མང་པོ་འཆོར་བཞིན་ཡོད་པས། གཟབ་གཟབ་བྱེད་དགོས་པ་ཐེངས་མང་བརྗོད་ཡོད་འདུག་ཀྱང་། ཧ་ཝར་ཌི་ཡིས་དེ་ཙམ་བརྩི་འཇོག་མ་བྱས་པ་དང་། རྒྱ་ནག་དང་ལྷན་དུ་འབྲེལ་ལམ་དམ་ཟབ་འཛུགས་ཀྱི་ཡོད་པའི་རྐྱེན་གྱིས་ད་ཆར་སྲིད་འཛིན་གྱིས་ཕྱི་རྒྱལ་སློབ་ཕྲུག་བཀག་འགོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པར་བརྗོད་འདུག  ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནི་སློབ་ཆེན་གཞན་དང་མི་འདྲ་བར་སློབ་ཆེན་དེའི་ནང་དུ་ཨ་རིའི་མི་དྲག་དང་དཔོན་ཆེན། མཐོ་རིམ་འགོ་ཁྲིད་ཚོའི་བུ་ཕྲུག་རྣམས་དེའི་ནང་དུ་ཡོད་འདུག་པ་དང་། དེ་བཞིན་རྒྱ་ནག་གི་ད་ལྟ་དང་འདས་པའི་མི་ལོ་༢༠ རིང་དམར་ཤོག་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོའི་བུ་ཕྲུག་རྣམས་དེའི་ནང་བཏང་ཡོད་འདུག་པས། ཞི་ཅིན་ཕིང་གི་བུ་མོ་ལ་མཚོན་ན་ཕྱི་ལོ་༢༠༡༠ ནས་༡༥ བར་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་དུ་སློབ་སྦྱོང་བྱས་ཡོད་འདུག་པས། མ་འོངས་པར་ཨ་རྒྱ་གཉིས་བར་གྱི་འབྲེལ་བ་དང་། ཨ་རིའི་རྒྱལ་ཁབ་ཀྱི་གསང་བ་སོགས་མཐོ་རིམ་མི་སྣའི་ཁྲོད་ནས་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཨ་རིས་མཐོང་གི་ཡོད་འདུག 

རྒྱ་ནག་གི་འགོ་ཁྲིད་ཚོ་ལ་མཚོན་ན་ཧ་ཝར་ཌི་དེ་རང་གི་བུ་ཕྲུག་ཚོའི་སློབ་སྦྱོང་གཅིག་པུའི་ཆེད་དུ་མ་ཡིན་པར། བུ་ཕྲུག་དེ་དག་ལ་སྲུང་སྐྱོབ་དང་བདེ་འཇགས་ཆེ་ཤོས་ཀྱི་ས་ཆ་ཞིག་ཆགས་ཀྱི་ཡོད་འདུག་ལ། དེ་བཞིན་རང་གི་རྒྱུ་ནོར་ཨ་སྒོར་ས་ཡ་མང་པོ་ཨ་རིའི་ནང་སྤོ་འཇོག་བྱེད་ཀྱི་ཡོད་འདུག དུས་རྒྱུན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་མི་མང་ལ་ཨ་རི་ནི་ཆེས་བདེ་འཇགས་མེད་པའི་རྒྱལ་ཁབ་ཅིག་ཡིན་ཚུལ་རྗོད་ཀྱི་ཡོད་འདུག་ཀྱང་། ཞི་ཅིན་ཕིང་གི་ཁྱིམ་ཚང་གིས་ཨ་རིའི་ནང་དབྱིན་ཡུལ་གྱི་སྒོར་མོ་(Pound)ས་ཡ་༡༨༨ གནས་པའི་རྒྱུ་ནོར་མང་པོ་ཞིག་གི་མ་རྩ་བཙུགས་ཡོད་པ་ནུབ་ཕྱོགས་ཀྱི་གསར་ཁང་ཁག་གིས་རྗོད་ཀྱི་ཡོད་འདུག དེ་ལྟར་རྒྱ་ནག་གི་འགོ་ཁྲིད་གཞན་ཚོས་ཀྱང་རང་གི་རྒྱུ་ནོར་ཨ་རི་ལ་ལྐོག་ཏུ་ཉར་ནས་བུ་ཕྲུག་ཨ་རིའི་གཙུག་ལག་སློབ་ཆེན་ཁག་ནང་དུ་འཇུག་གི་ཡོད་འདུག 

(The washington post)ཝ་ཤིང་ཊོན་པོ་སི་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་༢༠ ནང་མཐོ་རིམ་ཏང་གི་འགོ་ཁྲིད་༢༤ཡོད་པའི་ལྷན་ཚོགས་(Political Bureau of China)ནང་དུ་ཡོད་པའི་འགོ་ཁྲིད་མཐོ་ཤོས་ལྔའི་བུ་ཕྲུག་དང་ཚ་བོ་དང་ཚ་མོ་རྣམས་ཨ་རིའི་ཧ་ཝར་ཌི་གཙོས་པའི་མཐོ་སློབ་གྲགས་ཆེ་ཤོས་དེ་དག་ནས་ཐོན་ཡོད་པར་བརྗོད་འདུག 

མདོར་ན་ཨ་རིའི་ནང་སྐད་གྲགས་ཆེ་ཤོས་ཀྱི་མཐོ་སློབ་དེ་དག་གི་ནང་དུ་རྒྱ་ནག་གི་མི་དྲག་དཔོན་ཆེན་ཚོའི་བུ་ཕྲུག་མང་པོ་ཞིག་ཨ་རིའི་གཞུང་གིས་སྤྲད་པའི་ཁེ་ཕན་དང་། ཐོབ་ཐང་རྣམས་རིན་མེད་ཐོག་ལོངས་སུ་སྤྱོད་བཞིན་ཡོད་ཅིང་། མ་འོངས་པར་ཨ་རིའི་གཞུང་གི་བདེ་འཇགས་ལ་བུ་ཕྲུག་དེ་དག་ཉེན་ཁ་ཞིག་ཏུ་མཐོང་ནས། ད་ཆར་སྲིད་འཛིན་ཊོམ་གྱིས་ཕྱི་རྒྱལ་གྱི་བུ་ཕྲུག་ཚོ་ཧ་ཝར་ཌིའི་གཙུག་ལག་སློབ་ཆེན་ནང་བཞུགས་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།