ཧང་གྷ་རིའི་རྒྱལ་སའི་གཞུང་ལམ་འགའི་མིང་བསྒྱུར་ནས་རྒྱ་ནག་ལ་ངོ་རྒོལ་བྱས་འདུག
ཡུ་རོབ་ཤར་མའི་རྒྱལ་ཁབ་ཧང་གྷི་རིའི་རྒྱལ་ས་བྷུ་ཌ་པེ་སི་ཏྲིའི་(Budapest) གྲོང་ཁྱེར་སྤྱི་ཁྱབ་དཔོན་གྱིས་གྲོང་ཁྱེར་དེའི་གཞུང་ལམ་བཞིའི་མིང་བསྒྱུར་ཏེ་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
ཉེ་ཆར་ཧང་གྷ་རིའི་སྲིད་གཞུང་གིས་རྒྱ་ནག་དང་མཉམ་དུ་ ༢༠༢༤ ནང་ཚུན་ལ་ཧང་གྷི་རིའི་རྒྱལ་སའི་མངའ་ཁུལ་དུ་ཧྥོ་དན་སློབ་ཆེན་(Fudan University) གྱི་ཡན་ལག་སློབ་ཆེན་ཞིག་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་ཆེན་པོ་ལ་མཚན་རྟགས་བཀོད་པར། གྲོང་ཁྱེར་དེའི་སྤྱི་ཁྱབ་དཔོན་དང་ཧང་གྷ་རིའི་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
ལས་འཆར་དེར་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པའི་ཆེད། གྲོང་ཁྱེར་སྤྱི་ཁྱབ་དཔོན་སྐུ་ཞབས་ཀ་རག་སོ་ནེ་(Gergely Karacsony) དང་། བྷུ་ཌ་པེ་སིའི་རྫོང་དགུ་པའི་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ཀར་སི་ཊི་ན་(Krisztina Baranyi) གཉིས་ཀྱིས་སློབ་ཆེན་འཛུགས་སྐྲུན་བྱེད་སའི་ས་ཁུལ་གྱི་གཞུང་ལམ་བཞི་ལ་རྒྱ་ནག་གིས་གོ་ན་མི་འདོད་པའི་མིང་གསར་པ་བཏགས་འདུག
མིང་གསར་པ་བཞི་ནི། ཏཱ་ལའི་བླ་མ་ལམ་དང་། ཡུ་གུར་དཔའ་བོ་ལམ། ཧོང་ཀོང་རང་དབང་ལམ། ཆོས་དཔོན་ཤི་གྷོན་(Xie Shiguang) ལམ་བཅས་ཡིན་འདུག་ཅིང་། ཆོས་དཔོན་ཤི་གྷོན་ནི་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་ཡེ་ཤུའི་ཆོས་དཔོན་ཞིག་ཡིན།
གཞུང་ལམ་ལ་མིང་གསར་པ་བཏགས་པའི་གནད་དོན་དེ་དང་འབྲེལ་བའི་ཐད་ལ། གྲོང་ཁྱེར་སྤྱི་ཁྱབ་དཔོན་ཁོང་གིས“ང་ཚོས་ད་དུང་ཡང་སློབ་གྲྭ་འཛུགས་པའི་ལས་འཆར་མི་སྒྲུབ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ན་ཡང་། གལ་སྲིད་དངོས་སུ་སྒྲུབ་པ་ཡིན་ན། ཁོ་ཚོས་གཞུང་ལམ་གྱི་མིང་འདི་དག་བེད་སྤྱོད་གཏོང་དགོས་པ་ཆགས་ཡོད་”ཅེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།