ཧི་མ་ཅལ་ནང་ཏོག་དབྱིབས་ནད་རྟགས་ཐོན་པ་གསུམ་ལས་གཅིག་དྲག་སྐྱེད་བྱུང་འདུག

ཟླ་འདིའི་ཚེས་༢༧ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་སྨན་ཁང་དུ་རྒྱ་ནད་ཏོག་དབྱིབས་ཀྱི་ནད་ཡམས་འགོས་ཡོད་པའི་དོགས་གཞི་ཆེན་པོའི་འོག་བརྟག་དཔྱད་བྱས་པ་གསུམ་བྱུང་བ་ལས། ནད་རྟགས་ཐོན་པའི་ཕོ་སར་དེ་དྲག་སྐྱེད་བྱུང་ཡོད་པའི་གནས་ཚུལ་འདུག

ཕོ་སར་དེ་སྨན་བཅོས་བྱས་ཏེ་དེ་རིང་ནད་རྟགས་མེད་པ་ཆགས་ཡོད་པ་དང་། སང་ཉིན་བསྐྱར་དུ་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་ཀྱི་ཡོད་འདུག ནད་རྟགས་ཐོན་པའི་བུད་མེད་གཅིག་སྨན་བཅོས་བྱས་ཏེ། ཛ་དྲག་མིན་པའི་གནས་ཚུལ་འདུག་ལ། གཅིག་དེ་ཉེ་ཆར་གྲོངས་པའི་བོད་མི་དེ་ཡིན་པ་རེད། ཁོང་གསུམ་ཀ་རྒྱལ་ཁབ་ཕྱི་ནས་ལོག་མཁན་ཡིན་པ་དང་། ཧི་མ་ཅལ་མངའ་སྡེའི་ནང་བསྡོམས་པའི་ནད་པ་ཁོང་གསུམ་བྱུང་ཡོད་འདུག

ཟླ་འདིའི་ཚེས་༢༧ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་ནང་ནད་རྟགས་ཐོན་པ་༨༦༣ བྱུང་ཡོད་པ་དང་། འདས་གྲོངས་སོང་བ་༢༠ དྲག་སྐྱེད་བྱུང་བ་༧༣ ཡིན་འདུག རྒྱ་གར་མངའ་སྡེ་ནད་པ་མང་ཤོས་བྱུང་ས་མཱ་ཧ་ར་ཤི་ཏ་ཡིན་པ་དང་། གཉིས་པ་ཀེ་རེ་ལ་ཡིན་པའི་གནས་ཚུལ་དང་། ཡང་བརྒྱུད་ལམ་ཁག་ཅིག་ནས་དང་པོ་ཀེ་རེ་ལ་ཡིན་སྐོར་ཡང་འཁོད་འདུག

འཛམ་གླིང་ཁྱོན་ཡོངས་ལ་ད་སྔ་བར་ནད་པ་༥༥༩༡༤༣ དང་འདས་གྲོངས་སོང་བ་༢༥༢༧༨ དྲག་སྐྱེད་བྱུང་ཟིན་པ་༡༢༨༧༧༩ ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།