ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བར་རྩོད་རྙོག་དང་གཞུང་འཛིན་ཚོགས་པར་དཀའ་ངལ།

ཧི་མ་ཅལ་མངའ་སྡེའི་ཀང་རེ་སིའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་གྲོས་ཚོགས་འཐུས་མི་ལས་རྩིས་མེད་བཏང་ཡོད་པར་བརྟེན། གྲོས་ཚོགས་འཐུས་མི་དྲུག་པོས་ཧི་མ་ཅལ་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཡོད་འདུག

ཕྱི་ཚེས་༡ ཉིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་ཚོགས་པ་ནི་ཀང་རེ་སི་ཡིན་པ་དང་། མངའ་སྡེའི་གྲོས་ཚོགས་གོང་མའི་ནང་ཀང་རེ་སི་ལ་རྐུབ་ཀྱག་༦༨་ལས་༤༠ ཡོད་ཀྱང་། ཉེ་ཆར་གྲོས་ཚོགས་ནང་དངུལ་རྩིས་དང་འབྲེལ་བའི་འོས་བསྡུ་བྱེད་དུས་ཀང་རེ་སིའི་གྲོས་ཚོགས་འཐུས་མི་དྲུག་གིས་ཀང་རེ་སིའི་སྲིད་དོན་ཚོགས་པ་ལ་རྒྱབ་འགལ་བྱས་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་ནང་མང་མོས་ཐོབ་དགོས་ན་ཉུང་མཐར་རྐུབ་ཀྱག་༣༢ ཐོབ་དགོས་ཡོད་འདུག ད་ལྟ་ཀང་རེ་སི་ལ་རྐུབ་ཀྱག་༣༤  ལས་མེད་པ་ཡིན་འདུག གལ་སྲིད་གྲོས་ཚོགས་འཐུས་མི་དྲུག་པོས་སྦེ་ཇི་བྷིའི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱས་ཚེ། སྦེ་ཇི་བྷིའི་སྲིད་དོན་ཚོགས་པ་གྲོས་ཚོགས་ནས་མང་མོས་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་འདུག་ལ། དེ་བཞིན་སྲིད་དོན་ཚོགས་པ་གང་གི་ཁོངས་སུ་མེད་པའི་རྐུབ་ཀྱག་གསུམ་ཡོད་འདུག་པ་དེ་དག་གིས་ཀྱང་སྦེ་ཇི་བྷིའི་སྲིད་དོན་ཚོགས་པ་ལ་རྒྱབ་སྐྱོར་བྱས་ཚེ། སྦེ་ཇི་བྷིའི་སྲིད་དོན་ཚོགས་པ་ཧི་མ་ཅལ་གྲོས་ཚོགས་ནང་མང་མོས་ཆགས་རྒྱུའི་རེ་བ་ཡོད་འདུག ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་གཙོ་(Kuldeep Singh)ཡིས་ཀང་རེ་སིའི་གྲོས་ཚོགས་འཐུས་མི་དྲུག་པོ་གྲོས་ཚོགས་འཐུས་མིའི་ཁོངས་ནས་རྩིས་མེད་བཏང་ཡོད་པ་དང་། ཕྱི་ཚེས་༢༧ ཉིན་མངའ་སྡེའི་ལོ་འཁོར་དངུལ་རྩིས་དང་འབྲེལ་བའི་འོས་བསྡུ་བྱེད་དུས་གྲོས་ཚོགས་འཐུས་མི་དྲུག་པོ་འོས་བསྡུའི་ནང་ཞུགས་མེད་པའི་རྐྱེན་གྱིས་ཡིན་འདུག རྩིས་མེད་བཏང་བའི་གྲོས་ཚོགས་འཐུས་མི་དེ་དག་གིས་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག གལ་སྲིད་ཆེས་མཐོའི་ཁྲིམས་ཁང་ནས་གྲོས་ཚོགས་འཐུས་མི་དྲུག་པོ་རྩིས་མེད་ཐོག་བཞག་ན། སྦེ་ཇི་བྷིའི་སྲིད་དོན་ཚོགས་པས་གྲོས་ཚོགས་ནང་ཀང་རེ་སིའི་སྲིད་དོན་ཚོགས་པ་ལ་གཞུང་འཛིན་བྱེད་རྒྱུའི་(no-confidence motion)འོས་བབ་ཡོད་མེད་ཀྱི་གྲོས་ཆོད་འཁྱེར་ཡོང་རྒྱུའི་ཉེན་ཁ་ཡོད་འདུག་པ་དང་། སྦེ་ཇི་བྷིས་གྲོས་ཆོད་དེ་ཁྱེར་ཡོང་ན་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པ་མང་མོས་ཐོག་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག དེ་བཞིན་ད་ལྟའི་མངའ་སྡེའི་བློན་ཆེན་(Sukhvinder Singh Sukhu)ལ་གྲོས་ཚོགས་འཐུས་མི་དྲུག་པོར་སྐྱོན་བརྗོད་ཆེན་པོ་སླེབ་ཀྱི་ཡོད་འདུག དེ་བཞིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་Virbhadra Singh ཝི་བྷ་ཏི་སིང་ གི་བཟའ་ཟླ་ད་ལྟའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་(Pratibha Sing)པ་ཏིས་བྷ་སིང་གིས་ད་ལྟའི་མངའ་སྡེའི་བློན་ཆེན་ལ་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། གྲོས་ཚོགས་འཐུས་མི་དྲུག་པོས་ཁྲིམས་ཁང་ལ་གནད་དོན་དང་འབྲེལ་ནས་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག རྒྱུ་མཚན་ནི་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་ཚོགས་འཐུས་མི་དྲུག་པོ་རྩིས་མེད་བཏང་བ་དེ་སྲིད་དོན་ཚོགས་པའི་ཁྲིམས་དང་འགལ་ཀྱི་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།