ཧི་མ་ཅལ་མངའ་སྡེའི་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་སྦྱར་ཡིག་བཀྲམ་པ།
༢༠༡༧།༡།༣༡ གཟའ་མིག་དམར།

རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧི་མ་ཅལ་མངའ་སྡེའི་སཱོ་ལན་རྫོང་གི་དམག་སྒར་གྱི་ཉེ་འགྲམ་དུ། རྩིག་གྱང་ཞིག་ཐོག་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིའི་གསལ་བསྒྲགས་སྦྱར་ཡིག་སྦྱར་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཟླ་༡ པའི་ཚེས་༣༡ ཉིན་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ལས་རྒྱང་ཐག་སྤྱི་ལེ་༥༠ ཙམ་ཡོད་པའི་སོ་ལན་རྫོང་གི་སུ་བྷ་ཐུ་དམག་སྒར་གྱི་ཉེ་འགྲམ་ལ་ཡོད་པའི་གྱང་ངོས་སུ་དབྱིན་ཡིག་དང་ཧིན་རྡི། ཨ་རབ་བྷིག་བཅས་ཀྱི་ཐོག་ནས་ཨེ་སི་སི་མགྱོགས་པོ་སླེབས་ཀྱི་རེད་ཅེས་པའི་སྦྱར་ཡིག་སྦྱར་ཡོད་འདུག་པ་དང་། ཨེ་སི་སིའི་དར་ཆ་ཡང་མཉམ་དུ་སྦྱར་ཡོད་འདུག དེ་བཞིན་སྦྱར་ཡིག་ཅིག་གི་ཐོག་ཏུ་ས་གནས་དེ་ནས་བལ་ཡུལ་བར་འབར་གས་ཐེངས་གསུམ་འབྱུང་རྒྱུའི་ཉེན་བརྡ་ཡང་བཀོད་ཡོད་འདུག
ཉེན་རྟོག་པས་གནས་ཚུལ་དེའི་ཐོག་ཞིབ་འཇུག་བྱེད་བཞིན་ཡིན་པས། ས་གནས་མི་མང་ཚོ་ཞེད་སྣང་བྱེད་མི་དགོས་སྐུལ་མ་བྱས་ཡོད་འདུག
དེ་བཞིན་དེ་སྔོན་སོ་ལན་རྫོང་གི་ས་གནས་དྷ་རམ་པུར་གྱི་ལྷ་ཁང་ཞིག་གི་གྱང་ངོས་སུ་དབྱིན་ཡིག་དང་ཨ་རབ་བྷིག་ཐོག་ཨེ་སི་སི་མགྱོགས་པོ་སླེབས་ཀྱི་རེད་ཅེས་བྲིས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ པའི་ནང་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་དུ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འབྲེལ་བ་ཡོད་མཁན་ཞིག་འཇུ་བཟུང་བྱས་ཡོད་པ་རེད།།
གསར་འགོད་པ་སྐ་བཟང་དོན་གྲུབ།