ཧི་མ་ཅཱལ་མངའ་སྡེ་དེ་རྒྱ་གར་ནང་ཏོག་དབྱིབས་གནས་སྟངས་ཛ་དྲག་ཆེ་ཤོས་ཆགས་འདུག 

བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཧི་མ་ཅཱལ་མངའ་སྡེ་དེ། རྒྱ་ནག་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོ་བཙུགས་སྐབས་སུ་གནས་སྟངས་ཡག་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཏོག་དབྱིབས་ནད་པའི་ཁ་གྲངས་མངའ་སྡེ་གཞན་ལས་ཉུང་བ་ཡོད་ཀྱང་། ནད་པའི་ཁ་གྲངས་འཕར་ཚད་དང་མི་འབོར་ལ་གཞིགས་པའི་ནད་པའི་ཁ་གྲངས་མཐོ་ཤོས་སུ་ཆགས་ནས་ཛ་དྲག་ཆེ་ཤོས་སུ་ཆགས་ཡོད་འདུག 

ཟླ་༡༡ པའི་ཚེས་༢༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༢༥ བར་ཧི་མ་ཅཱལ་མངའ་སྡེའི་ནང་དུ་ཟླ་གཅིག་རིང་ཏོག་དབྱིབས་ནད་པ་ཡིན་པའི་ཁ་གྲངས་ནི་༡༢,༣༠༠ ལས་མང་བ་ཐོན་ཡོད་པ་དང་། ནད་དུག་འདི་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་༢༣༨ བྱུང་ཡོད་འདུག་པས། ཟླ་༣ པ་ཙམ་ནས་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བའི་རྗེས་སུ། མངའ་སྡེ་དེའི་ཟླ་བ་གཅིག་རིང་ཏོག་དབྱིབས་ནད་པ་ཐོན་པའི་ཁ་གྲངས་མཐོ་ཤོས་དེ་ཆགས་ཀྱི་འདུག དེ་ཡང་དེའི་སྔོན་ལ་ཁ་གྲངས་མང་ཤོས་ནི་ཟླ་༩ པའི་ནང་ནད་པ་གྲངས་༨༩༣༨ ཡིན་འདུག 

དེ་ཡང་རྒྱ་གར་གཞུང་གིས་མི་༡༠༠ རེ་བརྟག་དཔྱད་བྱས་པ་ནས་ནད་པ་ག་ཚོད་ཐོན་གྱི་ཡོད་པའི་ཚད་གཞི་(Positivity rate) ཞེས་པ་ཞིག ཟླ་བ་གཅིག་ནང་ཉིན་གྲངས་༡༤ རེ་ཡོད་པའི་དུས་ཡུན་གཉིས་རིང་ཚད་གཞི་དེ་འཇལ་གྱི་ཡོད་འདུག་པས། ཚད་གཞི་དེར་གཞིགས་ན་ཟླ་༡༡ པའི་ཚེས་༨ ནས་༢༡ བར་ཧི་མ་ཅཱལ་མངའ་སྡེའི་ཚད་གཞི་ནི་༡༥.༣ ཡིན་འདུག རྒྱ་གར་ནང་ཚད་གཞི་མཐོ་ཤོས་ཆགས་ཡོད་པ་མ་ཟད། མི་འབོར་ལ་གཞིགས་པའི་ཏོག་དབྱིབས་ནད་པའི་ཁ་གྲངས་ཀྱི་སྡུར་ཚད་མཐོ་ཤོས་ཆགས་ནས་ཛ་དྲག་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་འདུག ལྷག་པར་དུ་ཧི་མ་ཅཱལ་མངའ་སྡེ་ཤིམ་ལཱ་དང་། མན་ཌི། ཀུ་ལུ། ཀང་རཱ་བཅས་རྫོང་བཞི་ནང་ཉིན་ཤས་རིང་ཏོག་དབྱིབས་ནད་པའི་ཁ་གྲངས་དང་ཚེ་སྲོག་ཤོར་མཁན་གྱི་གྲངས་ཁ་མཐོན་པོ་འཕར་རྐྱེན། དགོང་མོ་ཆུ་ཚོད་༨ པ་ནས་ཞོགས་པ་ཆུ་ཚོད་༦ བར་ཕྱི་རུ་ཐོན་མི་ཆོག་པ་དང་། གཞུང་གི་སློབ་གྲྭ་སྒོ་རྒྱག་དགོས་པ། ཕྱི་རུ་ཐོན་སྐབས་ཁ་རས་མ་གྱོན་ཚེ་བཙོན་འཇུག་དང་དངུལ་གྱི་ཉེས་ཆད་སོགས་ཀྱི་བཀའ་རྒྱ་བཏང་ཡོད་པ་རེད། 

ཏོག་དབྱིབས་ནད་པའི་ཁ་གྲངས་གློ་བུར་མཐོན་པོ་འཕར་རྐྱེན། མངའ་སྡེའི་སྨན་ཁང་ནང་ནད་པའི་ཉལ་ཁྲི་དང་། སྲོག་རླུང་(oxygen Cylinder) གིས་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཚབ་ཇཱེ་རམ་ཐ་ཀུར་གྱིས། མངའ་སྡེའི་ནང་སྲོག་རླུང་མཐུན་རྐྱེན་གྱི་དཀའ་ངལ་མེད་ཀྱང་། གློ་བུར་དུ་ནད་པའི་ཁ་གྲངས་འཕར་རྐྱེན་ནད་པའི་ཉལ་ཁྲི་ཉུང་གྲགས་པའི་དཀའ་ངལ་ཡོད་པ་ཁས་ལེན་དང་། ཏོག་དབྱིབས་ནད་པའི་ཆེད་དུ་འཕྲལ་སེལ་གྱི་སྨན་ཁང་གསར་རྒྱག་ལས་གཞི་མགྱོགས་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག 

བརྒྱུད་ལམ་ཁག་ཏུ་ཧི་མ་ཅཱལ་མངའ་སྡེའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་གཞིར་འཐུས་ཤོར་སོང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཆང་ས་དང་། དུས་ཆེན་ཁག དེ་བཞིན་སྲིད་དོན་གཏམ་བཤད་སོགས་མི་མང་འདུ་འཛོམས་ཡིན་པ་དང་། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་དང་མངའ་སྡེ་གཞན་ནས་ཡོང་མཁན་རྣམས་ཏོག་དབྱིབས་ནད་པ་ཡིན་མིན་གྱི་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པའི་སྒྲིག་འཛུགས་ཕྱིར་འཐེན་བྱས་པ། དེ་བཞིན་གནམ་གཤིས་གྲང་དུ་འགྲོ་ཡི་ཡོད་པས། ནད་འབུ་དེ་ཕྱི་རུ་གསོན་པོ་གནས་པའི་དུས་ཚོད་ཡང་རིང་དུ་འགྲོ་ཡི་ཡོད་རྐྱེན་སོགས་བརྗོད་བཞིན་འདུག 

དེ་སྔོན་ཡིན་ན་མངའ་སྡེ་གཞུང་གིས་ཁྲོམ་གཞུང་ལ་དུག་སེལ་གཙང་བཟོ་བྱེད་ཀྱི་ཡོད་ཀྱང་། ལས་དོན་དེ་ཡང་མཚམས་བཞག་ཟིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།