ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་བཞི་པ།

14608034_1278698932153973_633818738_n
misshimalaya.com

ཟླ་འདིའི་ཚེས་༩ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་བཞི་པ་དེ་བྱས་ཡོད་པ་དང་། ཨ་ཡུ་ཤི་སི་ཐེ་ལ་ཕྱི་ལོ་༢༠༡༦ ལོའི་ཧི་མ་ཡའི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་རེད།
དེ་ཡང་དྷ་སའི་རྒྱ་གར་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་རང་ལོ་༢༡ སོན་པའི་ཨ་ཡུ་ཤི་སེ་ཐི་(Ayushi Sethi )དང་། ལོ་༢༣ ལ་སོན་པའི་པ་རུལ་པ་ཊེལ་(Parul Patel )གཉིས་ཀྱི་བར་ལ། གཏམ་བཤད་དང་སྲོལ་རྒྱུན་ཆས་གོས། དྲི་བ་དྲི་ལན། སྒྱུ་སྩལ་སོགས་ཀྱི་ཐོག་ལ་འགྲན་བསྡུར་བྱས་ཏེ། མཐའ་མར་ཨ་ཡུ་ཤི་སི་ཐེ་ལ། ཕྱི་ལོ་༢༠༡༦ ལོའི་ཧི་མ་ཡའི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་རེད། ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་ཨང་གཉིས་པར་ཧིན་སྒོར་ཁྲི་ལྔའི་བྱ་དགའ་སྤྲད་ཡོད་འདུག

གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་ཐེངས་འདིར་འགྲན་ཞུགས་པའི་སྙན་ཞུ་༦ འབྱོར་ཡོད་ཀྱང་། འགྲན་སྡུར་དངོས་ལ་བུད་མེད་གཉིས་མ་གཏོགས་མཉམ་ཞུགས་བྱ་ཐུབ་མེད་པ་དང་། ལོ་རྗེས་མའི་འགྲན་སྡུར་ནང་། ཧི་མ་ལ་ཡའི་བུད་མེད་མང་ཙམ་འགྲན་སྡུར་མཉམ་ཞུགས་བྱེད་པའི་རེ་སྐུལ་བྱས་འདུག ཁོང་གིས་མཛངས་མའི་འགྲན་སྡུར་དེས། བུད་མེད་རང་ཉིད་ཀྱི་ནུས་སྟོབས་གོང་སྤེལ་དང་ཧི་མ་ལ་ཡའི་མི་མང་རྣམས་མཉམ་འདུས་བྱས་ཏེ། ཁུལ་འདིའི་གནད་དོན་སྐོར་གླེང་སློང་དང་སེལ་ཐབས་བྱེད་ཐུབ་སྐོར་བརྗོད་འདུག

ཐེངས་འདིར་ཧི་མ་ཅཱལ་མངའ་སྡེའི་ཁང་རྒྱག་མཁན་ལས་ཁང་དང་གྲོང་ཁྱེར་འཛུགས་བསྐྲུན་ལས་ཁང་གིས། མཛངས་མའི་འགྲན་སྡུར་ཆེད་ཧིན་སྒོར་འབུམ་གཅིག་གི་རོགས་དངུལ་སྤྲད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།