ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ཐེངས་གསུམ་པ་འགོ་འཛུགས།

himalayaཟླ་འདིའི་ཚེས་༢ ཉིན་དྷ་ས་མེག་གྷན་སྦག་སུའི་མགྲོན་ཁང་དུ་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང།

བོད་ཀྱི་མཛངས་མ་དང་ཧི་མ་ལ་ཡའི་མཛངས་མ་འི་འགྲན་བསྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་བཤད་དོན། ང་རང་གི་སེམས་དགའ་པོ་དང་སྤོབས་པ་ཆེན་པོའི་ངང་ནས། ཕྱི་ལོ་༢༡༠༥ ལོའི་་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ལ་བུད་མེད་ན་གཞོན་མཛེས་མ་དང་རིག་རྩལ་ལྡན་པ། དེ་བཞིན་གདིངས་ཚོད་ཅན་དྲུག་གི་འཛུལ་ཞུགས་བྱས་ཡོད་ཞེས་གསལ་བསྒྲགས་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་སོང།

ཐེངས་འདིའི་འགྲན་བསྡུར་དེ་ཐེངས་གསུམ་པ་ཆགས་ཡོད་པ་དང། འཛུལ་ཞུགས་པ་དག་ནི། ཨ་རུ་ཎ་ཅལ་མངའ་སྡེ་ནས་ཡིན་པའི་ཆམ་ཌ་རང། ཧི་མ་ཅལ་མངའ་སྡེ་ནས་ཡིན་པའི་པེ་རི་ཡ་ཝར་མ། སེ་ཝ་ཊེ་ཋ་ཌ་ཀུར་དང་སམ་རེ་ཊེ་ཊར་མ། ཨུ་ཊར་ཀན་ཏེ་མངའ་སྡེ་ནས་ཡིན་པའི་ཊན་ཤུ་མན་གྷུ་རུང་དང་མ་ན་ལི་ནས་ཡིན་པའི་བོད་པའི་བུད་མེད་བསྟན་འཛིན་སང་ཉིན་བཅས་རེད་འདུག།

འགྲན་རྩོད་པ་རྣམས་སང་ཉིན་ནས་འགོ་འཛུགས་ནས་ཉིན་གཉིས་རིང། འགྲན་བསྡུར་མི་འདྲ་བ་ཐེངས་ལྔ་ལ་ཞུགས་དགོས་པ་ཡིན་པ་དང། འགྲན་རྩོད་པ་ཨང་དང་པོར་བྱ་དགའ་ཧིན་སྒོར་འབུམ་གཅིག་(༡༠༠,༠༠)དང་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་རྒྱུ་དང། ཨང་གཉིས་པ་ལ་ཧིན་སྒོར་ཁྲི་ལྔ་(༥༠,༠༠༠)། དེ་བཞིན་ཨང་གསུམ་པ་ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་(༢༥,༠༠༠)བཅས་སྤྲོད་རྒྱུ་ཡིན་འདུག

སང་ཉིན་རེས་གཟའ་སྤེན་པར་ཟློས་གར་དུ། གཏམ་བཤད་དང་རིག་རྩལ་གྱི་འགྲན་བསྡུར་དང། རེས་གཟའ་ཉིན་མར་ངོ་སྤྲོད་དང་སྲོལ་རྒྱུན་གྱི་ཆས། དེ་བཞིན་བཅར་འདྲི་བཅས་ཀྱི་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།

བློ་བཟང་དབང་རྒྱལ་གྱིས་འགྲན་བསྡུར་དེའི་དམིགས་ཡུལ་སྐོར་འགྲེལ་བརྗོད་བྱེད་དོན། ཧི་མ་ལའི་མཛངས་མའི་འགྲན་བསྡུར་ནི་ཧི་མ་ལའི་ས་ཁུལ་གྱི་བུད་མེད་ན་གཞོན་ཚོར། རང་ཉིད་ཀྱི་རིག་གཞུང་གོང་འཕེལ་གཏོང་བ། ཁོར་ཡུག་སྲུང་སྐྱོབ་དང་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་འཆམ་མཐུན་ཡོང་ཆེད་ཀྱི་སྡིང་ཆ་ཞིག་བསྐྲུན་ཆེད་ཡིན་སྐོར་བཤད་སོང།

གསར་འགོད་སྐལ་བཟང་དོན་གྲུབ།