ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྲག་ཕུག་ཅིག་ནས་མི་རུས་གསར་རྙེད།
བལ་ཡུལ་ཁོངས་གཏོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་རྟོག་ཞིབ་ཆེད་བསྐྱོད་པའི་རི་འཛེགས་པ་ཁག་ཅིག་གིས་འཁྱག་རོམ་གྱི་བྲག་ཕུག་ཅིག་ནས་རྡོ་ཆས་དུས་རབས་སྐབས་ཀྱི་མི་རུས་ཤིག་རྙེད་འདུག
ནོར་ཝེ་དང་སུད་སི་ནས་ཡིན་པའི་ཚན་རིག་རྟོག་ཞིབ་ཀྱི་རི་འཛེགས་པ་ཁག་ཅིག་གིས་བལ་ཡུལ་ཁོངས་གཏོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ནས་བྲག་ཕུག་ཅིག་རྙེད་སོན་བྱུང་ཡོད་པ་དང་། བྲག་ཕུག་དེ་ནི་བསྟུད་མར་གངས་རུད་དྲག་པོ་བརྒྱབ་སྟེ་ཕྱིར་བུད་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་པ་དང་། བྲག་ཕུག་དེའི་ནང་ནས་རྡོ་ཆས་དུས་རབས་སྐབས་ཀྱི་མིའི་རུས་སྒྲོམ་ཞིག་རྙེད་འདུག
ཐོག་མའི་ཚན་རིག་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། མི་རུས་དེ་ནི་ལོ་ན་སོན་པའི་སྐྱེས་པ་ཞིག་ཡིན་སྲིད་པ་མ་ཟད། རགས་རྩིས་བྱས་པ་ལྟར་ན་ལོ་ངོ་ས་ཡ་༢.༣༣ ནས་༡.༤༤ གོང་གི་མི་ཞིག་ཡིན་སྐོར་བརྗོད་འདུག ཡིན་ནའང་ད་དུང་མཐའ་མའི་བརྟག་དཔྱད་བརྒྱུད་ལོ་ཚོད་དང་ཤི་རྐྱེན་སོགས་ཁ་གསལ་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། མི་རུས་དེ་དང་མཉམ་དུ་གཏོར་སྐྱོན་ཤུགས་ཆེན་ཕོག་པའི་རྡོའི་མཚོན་ཆ་དང་ཀོ་བ་སོགས་རྙེད་ཡོད་འདུག་ལ། ད་ལྟ་དངོས་སུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་རེད།
ཆེད་ལས་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་བར་ས་ཁུལ་དེ་ནས་རྙེད་སོན་བྱུང་བའི་མགོ་རུས་ནང་གི་ཆེས་རྙིང་ཤོས་ཤིག་ཡིན་པ་མ་ཟད། ཕལ་ཆེར་མི་ལོ་ཁྲི་བརྒྱ་ཕྲག་ཁ་ཤས་འགོར་ཡོད་སྲིད་པ་དང་། སྐྱེས་པ་དེ་ནི་སྐབས་དེར་འགྲོ་བ་མིའི་རིགས་རྒྱུད་ཁ་ཤས་ཡོད་པ་དག་ལས་རྩ་སྟོང་དུ་ཕྱིན་པའི་རིགས་རྒྱུད་ཅིག་གི་ཆ་ཤས་ཤིག་ཡིན་པའི་ཡིད་ཆེས་བྱེད་བཞིན་པ་དང་། ལོ་གྲངས་ཀྱི་ཞིབ་འཇུག་གྲུབ་འབྲས་གང་ཞིག་འབྱུང་མིན་ལ་མ་ལྟོས་པར། ད་ལྟའི་བར་ཡོངས་གྲགས་ཐོག་ཁས་ལེན་བྱས་པའི་འགྲོ་བ་མིའི་རིགས་འཕེལ་རིམ་གྱི་ལོ་རྒྱུས་ལ་ལྟ་བ་གསར་པ་ཞིག་གི་སྒོ་མོ་ཕྱེས་ཡོད་པ་དང་། སྤྱིར་འགྲོ་བ་མིའི་རིགས་རྒྱུད་འདི་མི་ལོ་༢.༣༣ ནས་༡.༤༤ སྔོན་དུ་ཨ་ཧྥི་རི་ཁ་ནས་བྱུང་བར་བཤད་བཞིན་པ་ལྟར། དེའི་སྔོན་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲོ་བ་མིའི་རིགས་ཡོད་པའི་དཔང་རྟགས་རྙེད་པ་དེ་ནི་ལོ་རྒྱུས་སྨྲ་བའི་ཁྲོད་ཀྱི་དཔྱད་གཞི་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པ་རེད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་ཧ་ཅང་གྲང་མོ་ཡིན་པའི་རྐྱེན་གྱིས་སྐྱེས་པ་དེའི་ཕུང་པོར་ལོ་ཚོད་ལ་གཞིགས་པའི་སྲུང་སྐྱོབ་ཤིན་ཏུ་ཡག་པོ་བྱས་ཐུབ་ཡོད་པ་དང་། བསྟུད་མར་ལོ་ངོ་༢༠༠༠ ལྷག་གི་རིང་ཕུང་པོ་འཁྱག་རོམ་ཁྲོད་ལུས་ཡོད་འདུག ཚན་རིག་རྟོག་ཞིབ་པ་ཚོས་གཞི་རྒྱ་ཆེ་བའི་བྲག་ཕུག་ཅིག་གསར་དུ་རྙེད་ཡོད་པ་དང་། བྲག་ཕུག་དེར་ཆེ་ཆུང་མི་འདྲ་བའི་ཡན་ལག་གི་བྲག་ཕུག་ཉུང་མཐའ་ཡང་༦༥ ཙམ་ཡོད་འདུག་ལ། གདོད་མའི་དུས་སྐབས་སུ་མིའི་རིགས་གནས་སྡོད་བྱས་ས་ཞིག་ཡིན་སྐོར་བརྗོད་འདུག ད་དུང་མུ་མཐུད་དུ་ཞིབ་ཕྲའི་འཚོལ་ཞིབ་བརྒྱུད་དེ་ལས་མང་བའི་རིག་དངོས་དང་། སྲོག་ཆགས་དང་མིའི་རིགས་ཀྱི་མགོ་རུས་སོགས་རྙེད་སྲིད་པ་ཞིག་ཡིན་ནའང་། ས་ཁ་མཐོ་བ་དང་གནམ་གཤིས་གྲང་བ། ས་ཁམས་ཀྱི་གནས་བབ་དང་འགྲོ་འདུག་མི་བདེ་སོགས་ཀྱིས་རྐྱེན་པས་ཚག་རིག་རྟོག་ཞིབ་ཀྱི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།།