ཧི་མཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་གནང་ཡོད་འདུག
ཟླ་འདིའི་ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝེན་ཌར་སིང་སུ་ཁུ་ (Sukhvider Singh Sukhu) ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། རྒྱ་གར་ནི་ངོས་རང་མི་ལོ་ ༦༢ ལྷག་གནས་སྡོད་བྱ་ཡུལ་གྱི་ཁྱིམ་ལྟ་བུ་གྱུར་ཡོད་ཅིང་། ངོས་ཀྱི་དུས་ཚོད་རིང་ཤོས་དྷ་སར་བསྐྱལ་བའི་རིང་སྐྱིད་པོ་བྱུང་། ངས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དེ་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ལོ་ངོ་འདི་དག་རིང་ཧི་མཱ་ཅལ་མངའ་སྡེའི་མི་མང་གིས་ངོས་དང་ངོས་ཀྱི་མི་མང་རྣམས་ལ་མཛའ་བརྩེ་དང་མཐུན་རྐྱེན་རོགས་རམ་གནང་བར་ཡི་རང་བྱེད་ཀྱི་ཡོད། ངོས་རང་ཕྱི་ལོ་༡༩༦༠ ལོར་མེག་གྷན་དུ་འབྱོར་བ་ནས་ད་བར་དྷ་ས་ནི་རྒྱ་གར་གྱི་མངའ་སྡེ་གཞན་དང་མཚུངས་བར་ཡར་རྒྱས་ཆེན་པོ་ཕྱིན་འདུག ཧི་མཱ་ཅལ་མངའ་སྡེའི་གནད་བབ་ཞན་པའི་སྤྱི་ཚོགས་གཙོས་བྱས་པའི་མི་མང་རྣམས་མུ་མཐུད་ཡར་རྒྱས་འགྲོ་རྒྱུར་མགོན་པོ་གང་ཉིད་ལ་གདེང་ཚོད་ཡོད་སྐོར་དང་། དེ་བཞིན་མངའ་སྡེའི་མི་མང་གི་མངོན་འདོད་དང་རེ་བ་རྣམས་བསྒྲུབ་ཐུབ་པའི་སྨོན་ལམ་ཡོད། ཅེས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྤྱི་ཁྱབ་བློན་ཆེན་ལ་འཚམས་འདྲི་ཞུས་པའི་ནང་། སྐུ་ཉིད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྐབས་༡༥ པའི་སྤྱི་ཁྱབ་བློན་ཆེན་དུ་དམ་འབུལ་ཞུས་གནང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་མངའ་སྡེ་འདི་བཞིན་མུ་མཐུད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བའི་ཕྲན་རང་ཉིད་ལ་གདེང་ཚོད་ཡོད་སྐོར་གསུངས་འདུག
ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཧི་མཱ་ཅལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དང་བོད་མི་མང་པོ་ཞིག་གི་གནས་ཡུལ་ཆགས་ཀྱི་ཡོད་པས། ང་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། སྐུ་ཉིད་ཀྱིས་དབུ་ཁྲིད་པའི་མངའ་སྡེའི་གཞུང་ནས་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད། སྐུ་ཉིད་ལ་སླར་ཡང་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ནས་མངའ་སྡེའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
སྐུ་ཞབས་སུག་ཝེན་ཌར་སིང་སུ་ཁུ་ནི་ཧི་མཱ་ཅལ་མངའ་སྡེ་ཧམ་མིར་པུར་ (Hamirpur) རྫོང་ཁོངས་ནས་ཡིན་ཞིང་། ཧམ་མེར་པུར་ས་གནས་གྲོས་ཚོགས་འཐུས་མི་ཐེངས་༤ གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༣ ནས་ ༢༠༡༩ བར་ལོ་ངོ་བདུན་གྱི་རིང་ལ་ཧི་མ་ཅལ་མངའ་སྡེའི་ཀོང་རི་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་གནང་མྱོང་འདུག།