ཧི་མཱ་ཅལ་མངའ་སྡེའི་ནང་དུ་ཉིན་བཅུའི་རིང་ནད་འགོག་བཀའ་རྒྱ་བསྡམ་རྒྱུ་རེད་འདུག

ཧི་མ་ཅལ་མངའ་སྡེའི་ནང་དུ་ཝུའུ་ཧན་ཏོག་དབྱིབས་ནད་པའི་ཁ་གྲངས་ཤུགས་ཆེར་འཕར་བཞིན་ཡོད་པར་བརྟེན། མངའ་སྡེའི་གཞུང་ནས་ཉིན་བཅུའི་ནད་འགོག་བཀའ་རྒྱ་བསྡམ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

དེ་ཉིན་རེས་གཟའ་ལྷག་པའི་ཉིན་ཧི་མཱ་མངའ་སྡེའི་བློན་ཆེན་ལས་ཁུངས་ཀྱིས་ཚེས་༦ མཚན་དཀྱིལ་ཆུ་ཚོད་ ༡༢ ནས་ཚེས་ ༡༦ བར་དུ་ནད་འགོག་བཀའ་རྒྱ་བསྡམ་རྒྱུ་ཡིན་པ་དང་། དུས་ཡུན་དེའི་རིང་ཉེར་མཁོའི་ཚོང་ཁང་རྣམས་མ་གཏོགས། གཞུང་སྒེར་གྱི་ལས་ཁུངས་ཐམས་ཅད་དང་། ཤེས་ཡོན་ལྟེ་གནས་ཁང་རྣམས་སྒོ་རྒྱག་དགོས་པའི་བཀའ་བཏང་འདུག

དེ་བཞིན་ཕྱི་ལོགས་ནས་མངའ་སྡེའི་ནང་དུ་འཛུལ་མཁན་ཚོས་ན་ཚ་མེད་པའི་བརྟག་དཔྱད་འབྲས་བུ་སྟོན་པའམ། ཡང་ན་མངའ་སྡེའི་ནང་དུ་འཛུལ་མ་ཐག་བརྟག་དཔྱད་བྱས་ཏེ་ཟུར་བཀག་ཏུ་སྡོད་དགོས་པ་བཟོས་འདུག

གཞུང་འབྲེལ་གྲངས་ཐོ་ལྟར་ན། འདས་པའི་ཆུ་ཚོད་ ༢༤ ནང་ཚུན་དུ་ཧི་མཱ་ཅལ་མངའ་སྡེའི་ནང་ནད་པ་གསར་པ་ ,༨༢༤ དང་། ཤི་བ་༤༨ བྱུང་འདུག་ཅིང་། དེ་ནི་མངའ་སྡེའི་ནང་དུ་ནད་ཡམས་ཁྱབ་འགོ་ཚུགས་པ་ནས་བཟུང་ཉིན་གཅིག་གི་ནད་པའི་འཕར་གྲངས་མཐོ་ཤོས་དེ་ཆགས་ཡོད་འདུག

ད་ལྟའི་ཆར་མངའ་སྡེའི་ནང་དུ་དངོས་སུ་ན་ནས་ཡོད་པའི་ནད་པ་ ༢༣,༥༧༢ ཟིན་འདུག་པ་དང་། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཧི་མཱ་ཅལ་མངའ་སྡེའི་ནང་དུ་བརྟག་དཔྱད་བྱེད་མཁན་བཞི་རེའི་ནང་ནས་ནད་པ་རེ་ཐོན་གྱི་ཡོད་འདུག་པས། བརྟག་དཔྱད་བྱེད་མཁན་ཚོའི་ཁྲོད་ནས་བརྒྱ་ཆ་ ༢༣.༩༧ ཙམ་ནད་པ་ཡིན་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།