ཧོ་ནན་ཞིང་ཆེན་ནང་མི་མང་༩༠% ལ་ནད་ཡམས་འགོས་འདུག

རྒྱ་ནག་གི་ཧོ་ནན་ཞིང་ཆེན་ནང་་མི་མང་བརྒྱ་ཆ་༩༠% ལ་ཏོག་དབྱིགས་གཉན་རིམས་འགོས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༩ ཉིན་(NEW YORK POST) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཧོ་ནན་ཞིང་ཆེན་ནང་མི་འབོར་ས་ཡ་༩༩.༤ ལྷག་ཡོད་པ་དང་། ཞིང་ཆེན་དེ་ནི་རྒྱ་ནག་ནང་གི་ཞིང་ཆེན་ཆེ་ཤོས་གསུམ་པ་ཆགས་ཡོད་པ་དང་། ཧེ་ནན་ཞིང་ཆེན་གྱི་དབུས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁེན་ཆོན་ཁྲིན་(Kan Quancheng) གྱིས་བརྗོད་གསལ་ལྟར་ན། ད་ལྟའི་ཆར་ཞིང་ཆེན་གྱི་མི་མང་ས་ཡ་༨༨.༥ ལྷག་དང་། ཡང་ན། མི་འབོར་བརྒྱ་ཆ་༩༠% ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་རབས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་ནང་མི་མང་བརྒྱ་ཆ་༧༠% ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཧྲང་ཧེ་གྲོང་ནི་རྒྱ་ནག་གི་མི་འབོར་མང་ཤོས་ཡོད་ས་དང་ཚོང་གི་ལྟེ་གནས་གལ་ཆེ་ཤོས་ཤིག་ཆགས་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་ནང་ཏོག་དབྱིབས་གཉན་རིམས་འགོ་མཁན་དང་ཤི་མཁན་མང་དྲགས་ནས་ཕུང་པོ་འཇོག་སའི་རོ་སྒམ་དང་རོ་གོས་སོགས་ཀྱང་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག རྒྱ་ནག་གི་ལེའོ་ནི་(Liaoning) ཞིང་ཆེན་ནང་ཡོད་པའི་(Shenyang) གྲོང་ཁྱེར་ནང་ཨ་སྒོར་ས་ཡ་༥.༨ ལྷག་གི་འགྲོ་སོང་བཏང་ནས་དུར་ཁྲོད་ཁང་གསར་འཛུགས་བྱེད་བཞིན་ཡོད་འདུག  ཟླ་འདིའི་མཇུག་ཏུ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཤར་གྱི་ཡོད་པ་དང་། སྐབས་དེ་མི་ས་ཡ་མང་པོ་ཡར་མར་འགྲོ་འོང་བྱེད་རྒྱུ་དང་། ཏོག་དབྱིབས་གཉན་རིམས་སྔ་ལས་མང་བ་ཁྱབ་བརྡལ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།