ཧོ་ལན་ཌེའི་འོས་བསྡུའི་ནང་རྒྱལ་ཞེན་རིང་ལུགས་པ་ཕམ་པ།
ཡུ་རོབ་ཧོ་ལེན་ཌེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུར། གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས་སོགས་ལ་བཀག་འགོག་བྱེད་འདོད་པའི། རྒྱལ་ཞེན་རིང་ལུགས་ཀྱི་ཚོགས་པ་རང་དབང་ཚོགས་པ་ཞེས་པ་དེར་རྒྱལ་ཁ་ཐོབ་མེད་པས། ཧོ་ལེན་ཌེའི་མི་མང་གིས་ཡུ་རོབ་དང་རྒྱལ་ཁབ་གཞན་ལ་བརྡ་ལན་གསར་པ་ཞིག་སྤྲད་ཡོད་པ་རེད་འདུག

ཟླ་འདིའི་ཚེས་༡༥ ཉིན་ཧོ་ལེན་ཌེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ཡོད་པ་དང་། ད་ལྟའི་ཆར་འོས་གྲངས་བརྒྱ་ཆ་༩༠ ལྷག་རྩིས་ཟིན་པས། དེ་སྔོན་བསམ་ཤོག་བསྡུ་ལེན་ནང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་རང་དབང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་གྷེར་ཀྲེ་ཝིལ་ཌེར་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་གྲུབ་འབྲས་ཐོན་ཡོད་འདུག་ཀྱང་། ད་ལྟའི་ཆར་ཁོང་གི་ཚོགས་པ་དེར་གྲོས་ཚོགས་ནང་རྐུབ་སྟེགས་ཁ་གྲངས་མང་ཤོས་ཐོབ་མི་འདུག་པས། ཁོང་གི་རྒྱལ་ཁབ་དེའི་སྲིད་བློན་བྱེད་རྒྱུའི་དམིགས་ཡུལ་འགྲུབ་པ་མེད་པ་རེད།
དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་སྐབས། སྐུ་ཞབས་ཝིལ་ཌེར་གྱིས་གལ་སྲིད་ཁོང་གི་ཆབ་སྲིད་ཚོགས་པ་དེར་གྲོས་ཚོགས་འོས་བསྡུའི་ནང་རྒྱལ་ཁ་བླངས་ནས་ཁོང་སྲིད་བློན་ཆགས་ཚེ། རྒྱལ་ནང་དུ་ཁ་ཆེའི་ལྷ་ཁང་སྒོ་རྒྱག་རྒྱུ་དང། ཁ་ཆེའི་དཔེ་ཆ་ཀོ་རན་བཀག་སྡོམ་བྱ་རྒྱུ། དེ་བཞིན་ཧོ་ལེན་ཌེ་དེ་ཉིད་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུ། ཁ་ཆེ་གནས་སྤོ་བ་བཀག་སྡོམ་བྱ་རྒྱུ་སོགས་ཨ་རིའི་སྲིད་འཛིན་ཊོམ་གྱི་ལྟ་བ་དང་འདྲ་བའི་གཏམ་བཤད་མང་པོ་བྱས་ཡོད་འདུག ཁོང་གི་ཁ་གཏད་དུ་ལངས་མཁན་གཙོ་བོ་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ད་ལྟའི་སྲིད་བློན་མར་ཁེ་རུ་ཊེ་ཡི་མི་མང་གི་རང་དབང་དང་མང་གཙོའི་ཚོགས་པར། ཐེངས་འདིའི་འོས་བསྡུར་རྒྱལ་ཁ་ཐོབ་ཡོད་པ་དང་། སྲིད་བློན་ཁོང་གིས་རྒྱལ་ཁབ་དེའི་གཞུང་སྐབས་ཐེངས་གསུམ་པ་འཛིན་རྒྱུ་ཡིན་འདུག
ཧོ་ལན་ཌེའི་གཞུང་འཛིན་པར་གྲོས་ཚོགས་ནང་དུ་མང་མོས་ཀྱི་རྐུབ་སྟེགས་༧༦ དགོས་ཀྱི་ཡོད་པས། སྲིད་བློན་ཁོང་གི་ཚོགས་པར་རྐུབ་སྟེགས་༡༠༥ ལས་༣༣ ཐོབ་ཡོད་པས། ཆབ་སྲིད་ཚོགས་པ་གཞན་ཁག་ཅིག་དང་ཟླ་སྒྲིལ་བྱས་ནས་གཞུང་འཛིན་ཚོགས་པ་འཛུགས་དགོས་ཀྱི་ཡོད་འདུག
ཡུ་རོབ་མཐུན་ཚོགས་ཀྱིས་འོས་བསྡུའི་གྲུབ་འབྲས་དེར་དགའ་བསུ་ཆེན་པོ་བྱས་ཡོད་འདུག
དེ་ཡང་དེ་སྔོན་དབྱིན་ཡུལ་མི་མང་གིས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་མང་མོས་འོས་བསྡུ་བྱས་རྗེས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་མཐུན་ཚོགས་དེ་ལས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་བསྟུན། ཐེངས་འདིར་ཧོ་ལེན་ཌེའི་འོས་བསྡུར་ཡུ་རོབ་མཐུན་ཚོགས་ལ་དགག་པ་བྱེད་མཁན་ཞིག་ཕམ་ཉེས་བྱུང་བ་དེར། མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་སེམས་འཚབ་མི་དགོས་པ་ཆགས་ཡོད་འདུག་ཀྱང་། ལོ་འདིའི་ནང་གི་ཧྥ་རན་སི་དང་འཇར་མན་གྱི་འོས་བསྡུའི་ཁྲོད། ཡུ་རོབ་མཐུན་ཚོགས་ལ་དགག་པ་དང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་འོས་མི་རྣམས་ལ། འོས་ཐོབ་མིན་ཚོད་དཔག་དཀའ་བ་ཡིན་འདུག
ཐེངས་འདིར་འོས་ཤོག་བསྡུ་མཁན་མི་མང་བརྒྱ་ཆ་༨༠ ལས་མང་བ་སླེབས་ཡོད་འདུག་པས། དེ་ནི་འདས་པའི་ལོ་༣༠ ཡི་ནང་ཁ་གྲངས་མཐོ་ཤོས་ཡིན་འདུག་པ་དང་། འོས་འགྲན་བྱེད་མཁན་ཆབ་སྲིད་ཚོགས་པ་༨ ལས་མང་བ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།