ཧོང་ཀོང་གཞུང་གི་ལས་བྱེད་གཉིས་ཐའེ་ཝན་ནས་ཕྱིར་ལོག་བྱེད་དགོས་བྱུང་འདུག 

ཉེ་ཆར་ཐའེ་ཝན་ནང་དུ་ལས་དོན་གཉེར་བཞིན་པའི་ཧོང་ཀོང་གཞུང་གི་ལས་བྱེད་གཉིས་ཀྱིས། ཐའེ་ཝན་དུ་གནས་སྡོད་ཆོག་པའི་ཆོག་མཆན་ཞུས་སྐབས་ངོས་ལེན་མ་བྱུང་ནས། ཧོང་ཀོང་དུ་ཕྱིར་ལོག་བྱེད་དགོས་བྱུང་འདུག

ཟླ་༧ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་ཡོད་པས། ཐའེ་ཝན་གྱིས་ཧོང་ཀོང་ནང་དུ་ལས་དོན་ཁག་ལ་གཟབ་ནན་ཆེན་པོ་བྱེད་བཞིན་ཡོད་ཁར། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡང་ཉམས་བཞིན་ཡོད་པའི་སྐབས། ཚེས་༢༡ ཉིན་ཧོང་ཀོང་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ནས། ཐའེ་ཝན་དུ་ཡོད་པའི་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་འབྲེལ། རིག་གཞུང་ལས་ཁུངས་ཀྱི་ལས་བྱེད་གཉིས་ལ། ཐའེ་ཝན་གཞུང་གིས་དེ་གར་གནས་སྡོད་བྱེད་པའི་ཆོག་མཆན་སྤྲད་མེད་རྐྱེན། རང་གནས་སུ་ཕྱིར་ལོག་བྱེད་དགོས་འཁེལ་ཡོད་སྐོར་བརྗོད་འདུག 

དེ་ཡང་ཧོང་ཀོང་ནང་དུ་ཡོད་པའི་ཐའེ་ཝན་གཞུང་ཚབ་ལས་བྱེད་རྣམས་ལ། ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ཡིག་ཆར་མིང་རྟགས་མ་བཀོད་ཚེ། དེ་གར་གནས་སྡོད་བྱེད་པའི་ཐོངས་མཆན་དུས་འགྱངས་བྱེད་རྒྱུ་མིན་སྐོར་བརྗོད་འདུག་པས། ཐའེ་ཝན་གཞུང་ཚབ་ཁང་གི་འགན་འཛིན་གྱིས་ཡིག་ཆ་དེར་མིང་རྟགས་འགོད་རྒྱུ་ཁས་ལེན་མ་བྱས་ནས་ཕྱིར་ལོག་བྱས་འདུག 

ཐའེ་ཝན་གཞུང་གི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལས་ཁུངས་ཀྱིས། ཧོང་ཀོང་གཞུང་གི་ལས་བྱེད་གཉིས་ལ་ཐོངས་མཆན་སྤྲད་ཡོད་མེད་ཀྱི་གནས་ཚུལ་བྱུང་བ་ཁས་ལེན་བྱས་མི་འདུག་ཀྱང་། ཐའེ་ཝན་གྱིས་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་དུ་རྒོལ་ལན་གཅིག་མཚུངས་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག 

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་རྗེས། ཐའེ་ཝན་གཞུང་གིས་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་རྣམས་ལ། ཐའེ་ཝན་དུ་སྐྱབས་བཅོལ་ཞུ་རྒྱུར་ལམ་ཁ་བཟོས་ཡོད་པ་དང་། ཐའེ་ཝན་མི་སེར་རྣམས་ཧོང་ཀོང་དུ་བསྐྱོད་ཚེ་ཁྲིམས་གསར་པ་དེ་ལ་བརྟེན་ནས་འཛིན་བཟུང་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་བཞིན་ཧོང་ཀོང་ནས་ཐའེ་ཝན་ནང་དུ་མ་འཛུགས་ཀྱི་ལས་དོན་རྣམས་ལ་རྟོག་ཞིབ་ནན་པོ་བྱེུད་རྒྱུ་ཡང་ཐག་གཅོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།