ཧོང་ཀོང་གཞུང་གི་སྲི་ཞུ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག
ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་ཁྲིམས་འཆར་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་ཁྲོད། ཉེན་རྟོག་པའི་དྲག་སྤྱོད་དང་གཞུང་གི་ཐག་གཅོད་སོགས་ལ་མི་མང་གིས་ངོ་རྒོལ་བྱེད་བཞིན་པ་ལྟར། ཧོང་ཀོང་གཞུང་གི་ཉེན་བརྡ་ལ་མ་ལྟོས་པར་ཐེངས་དང་པོར་གཞུང་ནང་ལས་ཀ་བྱེད་མཁན་སྲི་ཞུ་བ་སྟོང་ཕྲག་མང་པོས་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་འདུག
ཟླ་༨ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༡ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་གྱིས་སྲི་ཞུ་ལས་བྱེད་ཚོས་གཞུང་ལ་མཐའ་གཅིག་ཏུ་གུས་བརྩི་དང་ཞེན་ཁོག་བྱེད་དགོས་པ་ལས། སྲི་ཞུ་བའི་སྒྲིག་ཁྲིམས་དང་འགལ་ཚེ་མཇུག་འབྲས་ཡོང་རྒྱུ་ཡིན་སྐོར་བརྗོད་ནས། སྲི་ཞུ་བ་ཚོས་ཆབ་སྲིད་བར་གནས་ཀྱི་ལྟ་བ་ལ་རྩིས་མེད་བྱས་ཚེ། མི་མང་གི་གཞུང་ལ་ཡོད་པའི་ཡིད་ཆེས་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་དང་། སྲི་ཞུ་བ་ཚོས་བར་གནས་ཐོག་ནས་ལས་འགན་སྒྲུབ་ཐུབ་ཀྱི་མེད་པའི་བརྡ་ལན་ལོག་པ་སྤྲོད་རྒྱུ་ཡིན་པས། གཞུང་གིས་དེ་རིགས་ངོས་ལེན་ནམ་ཡང་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་ཡོད་འདུག དེ་དང་འབྲེལ་ནས་སྡེ་ཚན་མང་པོ་ཞིག་གི་འགན་འཛིན་ཚོས་སྲི་ཞུ་བ་ཚོར། ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག་ཀྱང་། ཚེས་༢ ཉིན་སྲི་ཞུ་ལས་བྱེད་དང་ཁོ་ཚོར་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
ལས་འགུལ་གོ་སྒྲིག་པས་མཉམ་ཞུགས་བྱེད་མཁན་མི་མང་༤༠,༠༠༠ ལྷག་བྱུང་ཡོད་སྐོར་བརྗོད་འདུག་ཀྱང་། ཉེན་རྟོག་པས་མི་མང་༡༣,༠༠༠ ཡིན་ཚུལ་བརྗོད་འདུག
ལས་འགུལ་གོ་སྒྲིག་བྱེད་མཁན་སྲི་ཞུ་བ་ཞིག་གིས་མིང་འདོན་མི་ཡོང་བའི་རེ་སྐུལ་བྱས་ཏེ་གསར་འགོད་པ་ཚོར། འདས་པའི་བདུན་ཕྲག་ཁ་ཤས་རིང་། ཧོང་ཀོང་མི་མང་དང་ཉེན་རྟོག་པའི་བར་རྩོད་རྙོག་མང་པོ་བྱུང་ཡོད་ཀྱང་། གཞུང་གིས་མི་མང་གི་དགོས་འདུན་ལ་ལན་འདེབས་བྱེད་ཀྱི་མེད་པ་རེད། ལས་ཀ་གྲོལ་རྗེས་སྲི་ཞུ་བ་ཚོ་ཧོང་ཀོང་གི་མི་མང་དཀྱུས་མ་ཡིན་པས། ཁོ་ཚོར་གཞི་རྩའི་ཁྲིམས་ཀྱི་སྲུང་སྐྱོབ་འོག་ཡོད་པའི་ཐོབ་ཐང་ལྟར། བསམ་ཚུལ་བརྗོད་པ་དང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུའི་ཐོབ་ཐང་དགོས་པ་ཡིན་སྐོར་བརྗོད་འདུག
འདས་པའི་བདུན་ཕྲག་ཁ་ཤས་རིང་ལས་འགུལ་བ་དང་ཉེན་རྟོག་པའི་བར་གྱི་གདོང་ཐུག་དང་འབྲེལ་ནས་ཉེན་རྟོག་པའི་དྲག་སྤྱོད་དང་། དེ་བཞིན་ལས་འགུལ་བ་ཚོར་ནག་ཚོགས་རུ་ཁག་གི་ཚོགས་མི་ཚོས་དྲག་རྒོལ་བྱས་པའི་གནད་དོན་ཐོག་ཉེན་རྟོག་པས་སྲུང་སྐྱོབ་དང་ཐེ་བྱུས་འཐུས་ཚང་བྱས་མེད་པས། ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་ཅན་གྱི་རྟོག་ཞིབ་ནན་པོ་དགོས་པའི་དགོས་འདུན་བཏོན་མཁན་མང་དུ་སོང་ཡོད་པ་རེད། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་སྲི་ཞུ་ལས་བྱེད་གཅིག་གིས་སྲི་ཞུ་བ་ཚོས་ཉེན་རྟོག་པའི་ལས་དོན་བྱེད་ཕྱོགས་དང་གཞུང་གིས་མང་གཙོ་དང་སྨྲ་བརྗོད་རང་དབང་ལ་ལྟ་སྤྱོད་འཛིན་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག
ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་སྲི་ཞུ་བ་ཚོ་གཞུང་གིས་ངོས་འཛིན་བྱེད་ཐབས་བྱེད་ཀྱི་ཡོད་པའི་སྐད་ཆ་ཁྱབ་ཡོད་འདུག་པས། སྲི་ཞུ་བ་མང་པོ་ཞིག་གདོང་རས་གྱོན་ནས་སླེབས་ཡོད་འདུག ཁག་ཅིག་གིས་འགན་འཛིན་ཚོས་ལས་འགུལ་ནང་མཉམ་ཞུགས་བྱས་ཚེ་མདུན་ལམ་མེད་པ་ཆགས་སྲིད་པའི་ཉེན་བརྡ་བཏང་བྱུང་སྐོར་དང་། ཟླ་༨ པའི་ཚེས་༥ རེས་གཟའ་ཟླ་བའི་ཉིན། སྲི་ཞུ་བ་མང་པོ་ཞིག་གིས་ལས་ཀ་ནས་དགོངས་པ་ཞུས་ཏེ་ངོ་རྒོལ་གྱི་རྣམ་པ་སྟོན་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
ཧོང་ཀོང་གཞུང་གིས་གྲོས་ཚོགས་ནང་ཁྲིམས་འཆར་བཏོན་ཐབས་བྱས་པའི་རྒྱ་ནག་སོགས་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་བརྟེན་ནས། ཧོང་ཀོང་གི་སློབ་མ་དང་ཁྲིམས་རྩོད་པ། ཚོང་ལས་པ། ཨ་མ། སྲི་ཞུ་བ་སོགས་སྤྱི་ཚོགས་ནང་གི་སྡེ་ཚན་འདྲ་མིན་གྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།