ཧོང་ཀོང་གི་ཁྲིམས་རྩོད་པ་སྟོང་ཕྲག་གསུམ་ཙམ་གྱིས་གཞུང་ལ་ངོ་རྒོལ་བྱས་འདུག
ཧོང་ཀོང་གཞུང་གིས་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གྲོས་ཚོགས་ནང་གཏན་འབེབས་ཡོང་ཐབས་ཀྱི་འབད་བརྩོན་ལ། དེ་སྔོན་མི་མང་འབུམ་གཅིག་ལས་མང་བས་ངོ་རྒོལ་གོམ་བགྲོད་ངོ་རྒོལ་ཤུགས་ཆེན་སྤེལ་ཡོད་པ་ལྟར། ཐེངས་འདིར་ཧོང་ཀོང་གི་ཁྲིམས་རྩོད་པ་སྟོང་ཕྲག་གསུམ་ཙམ་གྱིས། གཞུང་གིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ཐོག་ངོ་རྒོལ་ལས་འགུལ་སྤེལ་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་༧༠ ལས་མང་བས། ཁྲིམས་འཆར་དེར་སེམས་འཚབ་ཡོད་སྐོར་བརྗོད་ནས་ཕྱིར་འཐེན་ཡོང་བའི་འབོད་སྐུལ་བྱས་འདུག
ཟླ་༦ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ཚེས་༦ ཉིན་ཧོང་ཀོང་ནང་གི་ཁྲིམས་རྩོད་པ་སྟོང་ཕྲག་གསུམ་ལས་མང་བས་དུག་ལོག་ནག་པོ་གྱོན་ནས་འབོད་སྒྲ་གང་ཡང་མེད་པའི་ཐོག་ནས། ཧོང་ཀོང་གི་དབུས་ཁྲིམས་ཁང་མདུན་དུ་འཛོམས་འདུག་པ་དང་། དེའི་རྗེས་སུ་གཞུང་གི་ལས་ཁང་བར་དུ་གོམ་མགྲོད་བྱས་ཡོད་འདུག ཁོ་ཚོའི་ལས་འགུལ་དེ་ནི་ཧོང་ཀོང་གཞུང་གིས་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ། གྲོས་ཚོགས་ནང་གཏན་འབེབས་ཡོང་ཐབས་བྱེད་བཞིན་པ་དེར་ངོ་རྒོལ་དང་། གཞུང་གིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་འདོན་ཆེད་ཡིན་འདུག
དེ་ཡང་དབྱིན་ཡུལ་གྱིས་ཧོང་ཀོང་དེ་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པའི་རྗེས་སུ། ཐེངས་འདིའི་ལས་འགུལ་དེ་ནི་ཧོང་ཀོང་གི་ཁྲིམས་རྩོད་པ་ཚོས་ལས་འགུལ་སྤེལ་བ་ཐེངས་༥ པ་དེ་ཆགས་ཀྱི་ཡོད་ཁར། ལས་འགུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག རྒྱུན་དུ་ནས་ཁོ་ཚོས་ལས་འགུལ་སྤེལ་བ་མཐོང་རྒྱུ་དཀོན་པོ་ཡིན་པས། ཐེངས་འདིར་ཕྱི་ལ་ཐོན་ནས་ལས་འགུལ་སྤེལ་བ་དེས། གཞུང་གི་ཐག་གཅོད་དེས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པའི་སེམས་འཚབ་དང་དེ་ལ་ངོ་རྒོལ་གྱི་རྣམ་པ་སྟོན་པའི་ལས་འགུལ་ཆེན་མོ་ཞིག་ཡིན་འདུག
ཧོང་ཀོང་གི་ཁྲིམས་རྩོད་པ་དང་གྲོས་ཚོགས་འཐུས་མི་ཞིག་གིས། ཐེངས་འདིའི་ལས་འགུལ་ནང་ཁྲིམས་རྩོད་པ་༢༥༠༠ ནས་༣༠༠༠ བར་གྱིས་མཉམ་ཞུགས་བྱས་ཡོད་པ་དང་། ཧོང་ཀོང་གཞུང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་དེ་གཏན་འབེབས་བྱུང་ཚེ། ཧོང་ཀོང་ནང་གི་ཁྲིམས་ལུགས་དབང་བསྒྱུར་དེར་གཏོར་སྐྱོན་ཆེན་པོ་བཟོ་རྒྱུ་ཡིན་པའི་བརྡ་ལན་སྤྲོད་རྒྱུ་དང་། སྤྱི་ཁྱབ་དཔོན་ཁཱེ་རི་ལཱམ་དང་བདེ་སྲུང་དྲུང་ཆེ་ཇཱོན་ལཱི་གཉིས་ལ་ཁྲིམས་འཆར་དེ་ལམ་སེང་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་འདོན་ཆེད་དུ། ཁྲིམས་རྩོད་པ་རྣམས་ཀྱིས་ཆིག་སྒྲིལ་ཐོག་ལས་འགུལ་སྤེལ་བ་ཡིན་སྐོར་བརྗོད་འདུག
ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཁྲིམས་རྩོད་པ་ཁག་ཅིག་གིས། ཧོང་ཀོང་གཞུང་གིས་ཁྲིམས་རྩོད་པ་ཚོའི་བསམ་ཚུལ་ལ་ཉན་འཇོག་གང་ཡང་བྱས་མེད་ཁར། ཁྲིམས་ལ་གོ་རྟོགས་ཡོད་མཁན་ཚང་མས་གཞུང་གི་ཁྲིམས་འཆར་དེའི་ནང་མི་འགྲིག་པའི་གནད་དོན་མང་པོ་ཡོད་པ་གསལ་པོ་ཤེས་ཐུབ་ཀྱི་ཡོད་པས། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཚེ། དེའི་མཇུག་འབྲས་ཚབས་ཆེན་གང་འདྲ་ཡོང་མིན་བསམ་ཡུལ་ལས་འདས་པ་ཡིན་སྐོར་བརྗོད་འདུག
ཧོང་ཀོང་གཞུང་གིས་ཟླ་༣ པའི་ནང་ཧོང་ཀོང་ནས་རྒྱ་ནག་དང་ཐའེ་ཝན་སོགས་ལ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ལས་གཞི་བཀག་འགོག་གི་ཁྲིམས་དེ་བསྐྱར་བཅོས་བྱས་ཏེ། རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་འཆར་ཞིག་གྲོས་ཚོགས་ནང་བཏོན་ཡོད་པ་དང་། གཞུང་གིས་ཁྲིམས་འཆར་དེའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐུབ་པའི་ཆ་རྐྱེན་ཡོད་སྐོར་བསྒྲགས་བཞིན་འདུག་ཀྱང་། ཁྲིམས་རྩོད་པ་དང་ལས་འགུལ་བ། ཚོང་པ་སོགས་སྡེ་ཚན་མང་པོ་ཞིག་གིས། ཁྲིམས་འཆར་དེའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁྲིམས་གཏུག་དྲང་བདེན་ཡོང་བའི་ངེས་གཏན་གང་ཡང་མེད་ཁར། གལ་ཏེ་རྒྱ་ནག་གཞུང་གིས་ཉེས་ཅན་པ་ངོས་འཛིན་བྱས་པའི་མི་ཞིག་ཧོང་ཀོང་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཚེ། རྒྱ་ནག་ནང་གི་ཁྲིམས་ལུགས་དབང་བསྒྱུར་གྱི་ཚད་གཞི་ཤིན་ཏུ་དམའ་པོ་ཡིན་ཁར། ཁྲིམས་གཏུག་དྲང་བདེན་ཡོང་རྒྱུ་ཤིན་ཏུ་ཁག་པོ་ཡིན་རྐྱེན། ཁྲིམས་འཆར་དེ་ནི་ཧོང་ཀོང་ནང་མང་གཙོ་དང་རང་བཙན། རྩོམ་པ་པོ། ཁྲིམས་རྩོད་པ། གསར་འགོད་པ་སོགས་ལ་གནོན་ཤུགས་དང་སྡིགས་བསྐུལ་བྱས་ཏེ། ཧོང་ཀོང་ནང་གི་མང་གཙོའི་རང་དབང་མེད་པ་བཟོ་ཆེད་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་༧༠ ལས་མང་བས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ཁཱེ་རི་ལཱམ་ལ་ཡོངས་གྲགས་འཕྲིན་ཡིག་ཅིག་སྤེལ་ནས། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ནི་འགྲོ་བ་མིིའི་ཐོབ་ཐང་ལ་ཉེན་ཚབས་ཞིག་ཡིན་པས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག
ཁྲིམས་འཆར་དེ་དང་འབྲེལ་ནས་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་མ་བྱས་པའི་སྔོན་གྱི་ཧོང་ཀོང་གི་སྲིད་སྐྱོང་ཁཱེ་རི་སེ་པཱེ་ཊན་གྱིས། ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་བྱེད་མཁན་གྱི་སྤྱི་ཚོགས་ཤིག་གིས། ཁྲིམས་ཀྱི་དབང་སྒྱུར་ལ་ཡིད་ཆེས་མི་བྱེད་མཁན་གྱི་སྤྱི་ཚོགས་ཤིག་དང་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་འདྲ་འཇོག་གི་མེད་པ་དང་། ཁྲིམས་འཆར་དེ་ནི་ཧོང་ཀོང་གི་རིན་ཐང་གི་ལྟ་བ། བརྟན་ལྷིང་བདེ་འཇགས་ལ་རྡུང་རྡེག་ཡིན་པ། དེས་ཧོང་ཀོང་ནང་གི་ཚོང་པ་རྣམས་ལ་འཇིགས་སྣང་དང་ངེས་མེད་ཀྱི་ཚོར་བ་སྤྲོད་རྒྱུ་ཡིན་སྐོར་བརྗོད་ནས། ཁྲིམས་འཆར་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་གི་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ། ཐད་ཀར་གནོད་འཚེ་བཏང་བ་ཡིན་སྐོར་བརྗོད་ཡོད་པ་རེད། ཧོང་ཀོང་གི་སྤྱི་ཁྱབ་པས་ཧོང་ཀོང་མི་མང་ནང་ཁྲིམས་འཆར་དེར་བསམ་ཚུལ་འདྲ་མིན་ཡོད་པ་ཤེས་ཀྱི་ཡོད་ཀྱང་། དེ་ནི་དགོས་ངེས་ཅན་ཞིག་ཡིན་པས། གྲོས་ཚོགས་ནང་ཁྲིམས་འཆར་དེ་ཁྲིམས་སུ་གང་མགྱོགས་གཏན་འབེབས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད།
དེ་སྔོན་ཟླ་༤ པའི་ཚེས་༢༨ ཉིན་ཧོང་ཀོང་མི་མང་འབུམ་གསུམ་ལྷག་གིས། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱིས་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཐེངས་འདིར་ཟླ་༦ པའི་ཚེས་༩ ཉིན་ཁྲིམས་འཆར་དེར་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱེད་རྒྱུ་ཡིན་འདུག་པས། གོ་སྒྲིག་པ་ཚོས་མི་མང་འབུམ་གཅིག་ལས་མང་བ་མཉམ་ཞུགས་ཡོང་རྒྱུར་ཚོད་དཔག་བྱེད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།