ཧོང་ཀོང་གི་གསར་འགོད་རང་དབང་ལ་རྒྱ་གཞུང་གིས་འཇིགས་སྐུལ།

ཧོང་ཀོང་དུ་མི་མང་སྟོང་ཕྲག་དྲུག་ཙམ་གྱིས་རྒྱ་ནག་གཞུང་གིས་དེབ་ཚོང་མཁན་ལྔ་བཙན་ཁྲིད་བྱས་པར་ངོ་རྒོལ་གོམ་བགྲོད་བྱས་འདུག

12507053དེ་ཡང་ཟླ་འདིའི་ཚེས་༡༠ ཉིན། དེ་སྔོན་ཟླ་གཉིས་ཙམ་སྔོན་ནས། རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་དང་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱི་དེབ་ཚོང་མཁན་གཅིག་རྗེས་གཉིས་མཐུད་ཀྱིས་བརླག་འགོ་ཚུགས་ནས། ད་བར་མི་ལྔ་ལས་གཅིག་མ་གཏོགས་གཞན་རྣམས་གར་སོང་ཆ་མེད་དུ་འགྱུར་ཡོད་པས། མི་དེ་དག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པར་ངོས་འཛིན་ཐོག ཧོང་ཀོང་མི་མང་གིས་གནས་ཚུལ་དེ་ལ་ལན་འདེབས་གསལ་པོ་དགོས་པ་དང། རྒྱ་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་བརྩི་སྲུང་བྱེད་དགོས་པར་ངོ་རྒོལ་གོམ་བགྲོད་བྱས་འདུག

དེབ་ཁང་དེའི་དཔར་སྐྲུན་བྱས་པའི་དེབ་དེ་ཚོ་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཀག་སྡོམ་བྱས་པ་ཤ་སྟག་ཡིན་ཡང། སྐམ་ས་ཆེན་མོའི་མི་མང་པོ་ཞིག་གིས་དེབ་ཁང་དེ་ལས་དེབ་ཉོ་ཡི་ཡོད་པ་རེད་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་དེབ་ཚོང་མཁན་དེ་དག་བཙན་ཁྲིད་བྱས་ཡོད་པ་ཁས་ལེན་བྱས་མེད་པ་རེད།

བརྒྱུད་ལམ་ཁག་ལ་ངོ་རྒོལ་བ་རྣམས་ཀྱིས་རྒྱ་གཞུང་གིས་ཧོང་ཀོང་གི་གསར་འགོད་རང་དབང་དང་། ཁྲིམས་ལུགས་རང་དབང་ལ་འཇིགས་སྐུལ་དང་རྩིས་མེད་བཏང་བ་ཚོར་གྱི་ཡོད་པ་དང། ད་ལྟ་དེབ་ཚོང་མཁན་བཙན་ཁྲིད་བྱེད་ཀྱི་ཡོད་པས། མ་འོངས་པར་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་དག་ཀྱང་བཙན་ཁྲིད་བྱེད་སྲིད་པས་ཞེད་སྣང་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུག

ཧོང་ཀོང་ནི་ཕྱི་ལོ་༡༨༤༢ ནས་༡༩༩༧ བར་དབྱིན་ཡུལ་གྱི་མངའ་འོག་ཏུ་གནས་ཡོད་པ་དང། ཕྱི་ལོ་༡༩༩༧ ལོར་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱིས་ཧོང་ཀོང་ལ་དམིགས་བསལ་གྱི་རང་སྐྱོང་དབང་ཆ་སྤྲོད་པའི་གྲོས་ཆོད་བཞག་སྟེ། རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་རེད་དེ། ཉེ་བའི་ཆར་རྒྱ་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་དབུ་ཁྲིད་ཀྱི་འདེམས་བསྐོ་ལ་ཐེ་བྱུས་བྱས་པར། ཕྱི་ལོ་༢༠༡༤ ལོར་གྲགས་ཆེན་སློབ་ཕྲུག་གི་སྣེ་ཁྲིད་པའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་བྱུང་བ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།