ཧོང་ཀོང་གི་གྲོང་ཁྱེར་དབུས་ཀྱི་རྫོང་ཞིག་གི་འོས་བསྡུ་དང་དམངས་གཙོ་དོན་གཉེར་བ་གསུམ་འཛིན་བཟུང་།

ཧོང་ཀོང་གི་ནང་དུ་གྲོང་ཁྱེར་དབུས་ཀྱི་རྫོང་ཞིག་གི་འོས་བསྡུ་བྱས་ཡོད་འདུག་པ་དང་།  འོས་བསྡུ་མ་བྱས་པའི་སྔོན་དུས་ནས་དམངས་གཙོ་དོན་གཉེར་བ་གསུམ་འཛིན་བཟུང་བྱས་ཡོད་འདུག 

ཕྱི་ཚེས་༡༠  ཉིན་ (Wion )གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། 

ཧོང་ཀོང་ནང་གི་རྫོང་དེའི་འོས་བསྡུ་བྱེད་འགོ་འཛུགས་ལ་ཉེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་ལ་རྒྱལ་ཞེན་ཡོད་མཁན་ཁོ་ན་མ་གཏོགས་འོས་བླུག་མི་ཆོག་པའི་ཆ་རྐྱེན་བཞག་སྟེ། དམངས་གཙོ་དོན་གཉེར་བ་གསུམ་འཛིན་བཟུང་བྱས་ཡོད་འདུག ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཧོང་ཀོང་ནང་ངོ་རྒོལ་ཆེན་པོ་བྱེད་འགོ་བཙུགས་ཡོད་པ་རེད། ཕྱི་ལོ་༢༠༡༩ ནང་མི་མང་གིས་ངོ་རྒོལ་རྒྱ་ཆེན་བྱེད་བཞིན་པའི་སྐབས་སུ་འོས་བསྡུ་བྱེད་དུས་རྒྱ་ཆ་༧༡ ལྷག་ཙམ་དམངས་གཙོ་དོན་གཉེར་བ་དག་ལ་འོས་ཐོབ་ཡོད་ཀྱང་། ཕྱི་ལོ་༢༠༢༠ ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ཞིག་ལག་བསྟར་བྱེད་འགོ་བཙུགས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་མི་མང་ཁྲོད་དམངས་གཙོ་དོན་གཉེར་བ་སྟོང་ཚོ་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་རེད། 

ཁ་སང་ཕྱི་ཚེས་༡༠ ཉིན་ཧོང་ཀོང་གི་དམངས་གཙོ་ཚོགས་པ་(League of Social Democrats )ཟེར་བའི་ཚོགས་པའི་མི་གསུམ་འཛིན་བཟུང་བྱས་པའི་སྐོར་གོང་གི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁོང་ཚོ་གསུམ་པོས་དྲང་བདེན་མིན་པའི་ཁྲིམས་ལུགས་ཤིག་ལག་བསྟར་བྱེད་འགོ་འཛུགས་དུས་དེ་ལ་ངོ་རྒོལ་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ཚོ་གསུམ་འཛིན་བཟུང་བྱས་ཡོད་འདུག དམངས་གཙོ་ཚོགས་པ་དེ་ཡིས་བརྗོད་དོན་ལ། ད་ཆར་ཧོང་ཀོང་ནང་སྔོན་མ་ལྟར་དུ་འོས་རང་དབང་ཐོག་ནས་བླུགས་པའི་ཐོབ་ཐང་མེད་པ་དང་། དེ་བཞིན་འོས་མི་ཡང་རང་དབང་ཐོག་འདེམས་རྒྱུའི་ཐོབ་ཐང་མི་འདུག་ཅེས་བརྗོད་ཡོད་འདུག ཧོང་ཀོང་གི་ཉེན་རྟོག་པས་བརྗོད་དོན་ལ། ཁོང་ཚོ་གསུམ་པོས་ཐེངས་འདིའི་འོས་བསྡུ་ལ་བར་ཆད་གཏོང་ཐབས་བྱེད་ཀྱི་ཡོད་པར་བརྟེན་འཛིན་བཟུང་བྱས་པ་ཡིན་ཞེས་ཡོད་བརྗོད་འདུག ཐེངས་འདིའི་འོས་བསྡུ་མ་བྱས་པའི་གོང་དུ་འོས་མི་རྣམས་ཀྱི་རྒྱབ་སྐྱོར་བ་རྣམས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཞིར་བཞག་ཟེར་བའི་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད་འདུག ཁ་སང་དེ་བཞིན་མི་གཞན་གཉིས་ཀྱིས་དྲ་ཐོག་ཏུ་ཧོང་ཀོང་གིི་འོས་བསྡུ་ལས་ཁུངས་ཀྱིས་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་སྐོར་མཆན་བརྒྱབས་ནས་གཞུང་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་དྲི་རྩད་ནན་པོ་བྱས་ཡོད་འདུག ཧོང་ཀོང་གཞུང་གིས་ཁ་སང་གཟའ་ཉི་མའི་ཉིན་མི་མང་རྣམས་འོས་བླུག་ཏུ་ཡོང་དགོས་པའི་བཀའ་བཏང་ཡོད་ཀྱང་། མི་མང་འགའ་ཤས་ལས་སླེབས་མེད་པར་བརྗོད་འདུག འོས་བསྡུ་དེའི་སྐབས་སུ་ཧོང་ཀོང་ནང་ཉེན་རྟོག་པ་༡༢༠༠༠ ཙམ་འགྲེམ་འཇོག་བྱས་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།