ཧོང་ཀོང་གི་ཉེན་རྟོག་པས་གྱེན་ལོག་སྐུལ་སློང་བྱས་པའི་ཉེས་མིང་འོག་ནས་མི་༥ འཛིན་བཟུང་བྱས་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་མི་༥ ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཉེན་རྟོག་པས་ཁོ་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ཁོ་ཚོས་ཧོང་ཀོང་གི་ད་ལྟའི་ཆབ་སྲིད་གནས་སྟངས་ལ་ངོ་རྒོལ་དང་། མི་རབས་རྗེས་མར་གྱེན་ལོག་སྐུལ་སློང་བྱེད་པའི་དཔེ་དེབ་པར་སྐྲུན་བྱས་པས་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
དེ་རིང་འཛིན་བཟུང་བྱས་པའི་མི་དེ་དག་ཧོང་ཀོང་གི་སྐད་ངག་གསོ་བཅོས་ཚོགས་པ་(General Association of Hong Kong Speech Therapists) ཡི་ཚོགས་མི་ཡིན་འདུག་ཅིང་། ཁོ་ཚོས་པར་སྐྲུན་བྱས་པའི་སྒྲུང་དེབ་ནང་དུ་མི་སྣ་གཙོ་བོ་ལུ་གུ་ཞིག་སྦྱང་ཚོགས་ཀྱི་ཁྲོད་དུ་ལྷུང་བས། ཉམ་ཐག་པའི་ལུ་གུས་སྤྱང་ཚོགས་ལ་ངོ་རྒོལ་བྱེད་པ་དང་། གྲུ་ལ་བསྡད་དེ་གནས་གཞན་དུ་བྲོས་བྱོལ་དུ་འགྲོ་རྒྱུར་འབད་བརྩོན་བྱེད་པ་སོགས་ཀྱི་གཏམ་རྒྱུད་བརྗོད་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནས་སྒྲུང་དེབ་དེའི་ནང་དུ་ན་ནིང་གྲུ་ལ་བསྡད་དེ་ཐའེ་ཝན་ལ་བྲོས་བྱོལ་དུ་འགྲོ་ཐབས་བྱས་ཀྱང་། ལམ་བར་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་དང་། བཙོན་འཇུག་ཁྲིམས་ཐག་བཅད་པའི་པའི་ཧོང་ཀོང་བ་༡༢ དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་བརྗོད་ཡོད་པའི་འགྲེལ་བརྗོད་བྱས་འདུག
ཧོང་ཀོང་གི་ཉེན་རྟོག་པས་“ས་གནས་མི་མང་ཚོས་ངེས་པར་དངོས་ཡོད་གནས་ཚུལ་མཐོང་དགོས་པ་ལས། འཚེ་བ་དང་མ་རུང་བ་དང་ལེན་བྱེད་མི་ཉན་ལ། མི་རབས་རྗེས་མ་རྣམས་གནས་ཚུལ་ཕྱོགས་ཞེན་ཅན་དང་རྫུན་མས་ངན་སྐུལ་དང་ལོག་ལམ་ལ་འཁྲིད་དུ་འཇུག་མི་ཉན་”ཞེས་བསྒྲགས་ཡོད་འདུག
དེ་སྔོན་ཧོང་ཀོང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་དང་། རང་སྲིད་རང་སྐྱོང་ཚད་མཐོན་པོ་ཡོད་མྱོང་ན་ཡང་། རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་༦ པའི་ནང་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེ་བེད་སྤྱད་དེ་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ། མང་གཙོར་ཁ་ཕྱོགས་པའི་གསར་འགོད་པ་རྣམས་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།