ཧོང་ཀོང་གི་ཕྱུག་བདག་ཇཱི་མཱི་ལའེ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་འོག་ནས་ཁྲིམས་ཆད་བཏང་།
ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་ཨ་སྒོར་ཐེར་འབུམ་ལྡན་པའི་ཕྱུག་བདག་ཇཱི་མཱི་ལའེ་(Jimmy Lai) རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་འོག་ནས་ཁྲིམས་ཐག་བཅད་འདུག་ཡོད་འདུག་པས། ཁོང་འདི་ལོའི་ཕྱི་ཟླ་༦ པའི་ནང་ཧོང་ཀོང་དུ་གཏན་འབེབས་བྱས་པའི་རྩོད་རྙོག་ཅན་གྱི་བཅའ་ཁྲིམས་གསར་པ་དེའི་འོག་འཛིན་བཟུང་དང་ཁྲིམས་ཆད་བཏང་བའི་མི་སྣ་སྐད་གྲགས་ཆེ་ཤོས་དེ་ཆགས་ཡོད་འདུག
དེ་རིང་རེས་གཟའ་པ་སངས་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་༧༢ ཡིན་པའི་ཕྱུག་བདག་ཁོང་“ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་”བྱས་ནས་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གདོན་འཚེ་”བཏང་བའི་ཁྲིམས་ཆད་བཏང་ཡོད་འདུག་པ་དང་། དུས་བཀག་ལོ་ཚོད་ཐག་གཅོད་བྱས་མེད་པས། ཁོང་ལ་ཡུན་རིང་བཙོན་འཇུག་གི་ཁྲིམས་ཆད་འཕོག་པའི་ཉེན་ཁ་ཡོད་འདུག
ཀུ་ཤུ་ཉིན་རེའི་གསར་འགྱུར་ཁང་(Apple Daily) གསར་འཛུགས་གནང་མཁན་གྱི་ཕྱུག་བདག་ཁོང་ཕྱི་ཟླ་ ༨ པའི་ནང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་འོག་ནས་འོག་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་གསར་ཁང་གི་ལས་ཁུངས་ཀྱང་བསྔོགས་བཤེར་བྱས་རྗེས་གཏའ་དངུལ་འོག་གློད་གྲོལ་ཐོབ་ན་ཡང་། ཕྱི་ཟླ་༡༢ ཚེས་༢ ཉིན་གྱི་དགོང་མོར་ཧོང་ཀོང་སྲིད་གཞུང་གིས་ཁོང་སླར་ཡང་འཛིན་བཟུང་བྱས་ནས་ཁྲིམས་ཐག་བཅད་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་། ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁྲིམས་སོགས་ཁ་ལ་གཡར་ནས་མང་གཙོ་དོན་གཉེར་བྱེད་མཁན་དང་། རྒྱ་ནག་གི་སྒེར་གཅོད་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་མེད་པ་བཟོ་བཞིན་ཡོད་པས། སྔར་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ད་ལྟ་མགྱོགས་མྱོར་སྨྲ་བརྗོད་རང་དབང་ཡང་མེད་པའི་རྒྱ་ནག་གི་གྲོང་ཁྱེར་སྤྱིར་བཏང་ཞིག་ཏུ་འགྱུར་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།