ཧོང་ཀོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་བྱས་ནས་ཧོང་ཀོང་གི་དམངས་གཙོ་ལ་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་ཅིང་། ད་ཆར་ཧོང་ཀོང་ནང་དུ་ལོ་ངོ་༣༡ ཙམ་གྱི་ལོ་རྒྱུས་ཡོད་པའི་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ་སྒོ་རྒྱག་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག
ཕྱི་ཚེས་༢༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བར་སྐབས་ཤིག་ལ་ཧོང་ཀོང་ནང་དམངས་གཙོའི་སྲིད་དོན་ཚོགས་པ་ཆེ་ཤོས་ཡིན་པ། ད་ཆར་ཧོང་ཀོང་སྲིད་དོན་ཚོགས་པ་ཟེར་བའི་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ་སྒོ་རྒྱག་རྒྱུའི་འཆར་གཞི་ཡོད་ཚུལ་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཚོས་གསལ་བསྒྲགས་བྱས་ཡོད་འདུག སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་(Lo Kin-hei)ཟེར་བ་དེ་ཡིས། གང་མགྱོགས་སྲིད་དོན་ཚོགས་པ་དེའི་ཚོགས་མི་ཚོས་འོས་བསྡུ་བྱས་ནས་སྲིད་དོན་ཚོགས་པ་དེ་སྒོ་རྒྱག་དང་མི་རྒྱག་ཐག་གཅོད་བྱེད་རྒྱུ་ཡིན་པར་བཤད། སྲིད་དོན་ཚོགས་པ་དེ་འདས་པའི་མི་ལོ་༣༡ རིང་ཧོང་ཀོང་ནང་དམངས་གཙོའི་གཞུང་སྲ་བརྟན་ཆེད་དུ་ཞབས་ཞུ་བསྒྲུབས་ཡོད་འདུག་ཀྱང་། ད་ཆར་རྒྱ་ནག་དམར་ཤོག་གཞུང་གིས་གནོན་ཤུགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ཞིག ཕྱི་ལོ་༢༠༢༡ ལོར་ལག་བསྟར་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་པར་བརྟེན། ཧོང་ཀོང་ནང་མི་མང་ཕོན་ཆེན་པོས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཀྱང་། རྒྱ་ནག་གིས་ངོ་རྒོལ་བ་ཚོར་དྲག་གནོན་དང་། བཙོན་འཇུག་བྱས་པ་སོགས་ཀྱིས། ད་ཆར་ཧོང་ཀོང་ནང་ཕྱོགས་འགལ་སྲིད་དོན་ཚོགས་པའམ། རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་བ་འཛིན་མཁན་ཚང་མ་རྩ་མེད་གཏོང་གི་ཡོད་པའི་རྐྱེན་གྱིས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཧོང་ཀོང་དམངས་གཙོ་ཚོགས་པ་ཟེར་བ་དེ་གནས་ཐུབ་མིན་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་པ་དང་། སྤྱིར་བཏང་ཕྱི་ལོ་༢༠༡༩ ནས་བཟུང་ཧོང་ཀོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་ཧོང་ཀོང་ནང་གནས་ཐུབ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་འགོ་བཙུགས་ཡོད་འདུག
བདུན་ཕྲག་སྔོན་མར་ཧོང་ཀོང་གཞུང་གི་སློབ་སྟོན་པ་(Regina Ip)ཟེར་བ་དེས་ཧོང་ཀོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ་ལ། ཧོང་ཀོང་གི་གྲོས་ཚོགས་ཕྱི་ནང་གཉིས་ཀ་ལ་རྩོད་རྙོག་མང་པོ་བཟོ་ཡི་ཡོད་ཚུལ་དང་། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་གི་ཡོད་ཚུལ། མི་མང་ཁྲོད་རྙོག་གླེང་བཟོ་ཡི་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་འདུག་ལ། ད་ཆར་ཧོང་ཀོང་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་ནས་སྒོ་རྒྱག་འཇུག་བཞིན་ཡོད་འདུག ད་ལྟ་ཧོང་ཀོང་ནང་དུ་ཡོད་པའི་ཕྱོགས་འགལ་སྲིད་དོན་ཚོགས་པ་དེ། ཕྱི་ལོ་༢༠༡༩ སྐབས་སུ་ཧོང་ཀོང་ནང་ཤུགས་རྐྱེན་ལྡན་པའི་སྲིད་དོན་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་དང་། དམིགས་བསལ་ཧོང་ཀོང་ནང་ངོ་རྒོལ་ཤུགས་ཆེན་བྱུང་བའི་སྐབས་སུ་སྲིད་དོན་ཚོགས་པ་དེ་ལ་མི་མང་གིས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་འདུག་ལ། སྲིད་དོན་ཚོགས་པ་དེས་ངོ་རྒོལ་གྱི་ལས་འགུལ་སྣེ་ཁྲིད་ནས་སྲིད་དོན་གྱི་ལས་འགུལ་རྒྱ་ཆེན་པོ་སྤེལ་མྱོང་ཡོད་འདུག
འོན་ཀྱང་། ད་ཆར་ཕྱོགས་འགལ་སྲིད་དོན་པ་དེའི་འགོ་ཁྲིད་དང་ཚོགས་མི་ཁྱོན་༤༧ རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག་པ་དང་། དེ་དག་གི་ཁོངས་ནས་(Helena Wong)དང་(Lam Cheuk-ting)(Wu Chi-wai)སོགས་ཡོད་འདུག
དེ་བཞིན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་དང་ཧོང་ཀོང་གྲོས་ཚོགས་འཐུས་མི་(Ted Hui)ཟེར་བ་དེ་ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་སྐྱབས་བཅོལ་དུ་གནས་སྡོད་བྱེད་བཞིན་ཡོད་འདུག་པ་དང་། ཁོང་གི་རྒྱུ་ནོར་ཚང་མ་བདུན་སྔོན་མར་རྒྱ་ནག་གཞུང་གིས་གཞུང་བཞེས་བཏང་ཟིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།