ཧོང་ཀོང་གི་མང་གཙོ་དོན་གཉེར་བར་ཁྲིམས་ཐག་གཅོད་འཆར།
ཧོང་ཀོང་ཁྲིམས་ཁང་ཞིག་གིས་ཧོང་ཀོང་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་གཙོ་བོ་སློབ་མ་ཇོ་ཤེ་ཝ་ཝོང་(Joshua wong)ལ། ཁྲིམས་འགལ་ཐོག་ནས་འདུ་འཛོམས་ཀྱི་ནག་ཉེས་བསགས་པའི་ཁྲིམས་ཐག་གཅོད་འཆར་ཡོད་འདུག
ཟླ་འདིའི་ཚེས་༢༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་གི་ཉི་གདུགས་ལས་འགུལ་ཆེན་མོའི་སློབ་ཕྲུག་གི་འགོ་ཁྲིད། རང་ལོ་༡༩ ཡིན་པའི་ཇོ་ཤེ་ཝ་ཝོང་དང་ཁོང་གི་རོགས་པ་གཉིས་ཀྱིས། ཕྱི་ལོ་༢༠༡༤ ཟླ་༩ པའི་ཚེས་༢༤ ཉིན་ཧོང་ཀོང་གཞུང་གི་ལས་ཁང་གི་ར་སྐོར་ཐོག་འཛེགས་པས། ཁོང་གསུམ་འཛིན་བཟུང་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་མི་མང་གིས་འགྲུལ་ལམ་བཀག་འགོག་གིས་ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་ཉིན་༧༩ སྤེལ་ཡོད་པ་རེད།
དེ་ཡང་ཁྲིམས་ཁང་གིས་ཇོ་ཤེ་ཝ་ཝོང་དང་ཁོང་གི་རོགས་པ་ཨེ་ལེག་སེ་ཅའོ་(Alex chow)གཉིས་ཀྱིས། ཁྲིམས་འགལ་ཐོག་ནས་འདུ་འཛོམས་ལ་མཉམ་ཞུགས་བྱས་པའི་ནག་ཉེས་བཙུགས་པ་དང་། དེ་བཞིན་ནཱེ་ཐན་ལྭོ་(Nathan Law)ལ་མི་གཞན་འདུ་འཛོམས་སུ་མཉམ་ཞུགས་བྱེད་པར་བརྒྱུད་སྐུལ་བྱས་པའི་ནག་ཉེས་བཙུགས་འདུག ད་ལྟའི་ཆར་ཁོང་གསུམ་པོ་གཏའ་དངུལ་འོག་གློད་གྲོལ་བྱས་ནས། ཟླ་༨ པའི་ཚེས་༡༥ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་བྱས་ན། ཇོ་ཤེ་ཝ་ཝོང་དང་ཨེ་ལེག་སེ་ཅའོ་གཉིས་ལ་ལོ་༥ ཡི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་སྐོར་བརྗོད་ཀྱི་ཡོད་པ་དང་། ཁྲིམས་ཁང་གི་ཕྱི་ལོགས་སུ་ཇོ་ཤེ་ཝ་ཝོང་གིས་གསར་འགོད་པ་ཚོར་ཁོང་ཚོས་གང་བྱས་པ་དེར་འགྱོད་སྣང་མེད་སྐོར་འགྲེལ་བརྗོད་བྱས་འདུག
རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཁྲིམས་ཁང་གི་ཐག་གཅོད་དེས་ཧོང་ཀོང་ནང་གི་སྨྲ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་ལ་ཉེན་བརྡ་རྣོན་པོ་ཞིག་བཏང་བ་ཡིན་སྐོར་བརྗོད་འདུག
པེ་ཅིང་སྲིད་གཞུང་གིས་འཆར་འགོད་བྱས་པའི་ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་གཏན་འབེབས་ནང་། ཐེངས་དང་པོར་ཧོང་ཀོང་མི་མང་གིས་འོས་བླུག་སྟེ་སྲིད་གཞུང་གི་འགོ་ཁྲིད་འདེམས་པའི་ཆོག་མཆན་ཐོབ་ཡོད་ཀྱང་། གཙོ་འཛིན་གྱི་འོས་མི་རྣམས་འོས་བསྡུ་ལྷན་ཁང་བརྒྱུད་དེ་བཀའ་ཁྲོལ་ཐོབ་དགོས་པ་མ་ཟད། འོས་བསྡུ་ལྷན་ཁང་དེའི་ཚོགས་མི་༡༢༠༠ ཡོད་པའི་ནང་གི་མང་ཤོས་པེ་ཅིང་ཕྱོགས་གཏོགས་ཀྱི་མི་ཡིན་པར་བརྟེན། ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མང་གཙོའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། དེ་ནི་མང་གཙོའི་རྣམ་པ་རྫུན་མ་ཡིན་པའི་སྐྱོན་བརྗོད་འོག་ངོ་རྒོལ་ཤུགས་ཆེན་བྱས་ནས། ཉི་གདུགས་ཀྱི་ལས་འགུལ་ཆེན་མོ་ཞེས་པ་བྱུང་ཡོད་པ་རེད། ལས་འགུལ་ཆེན་མོ་དེར་འགྲུལ་ལམ་བཀག་སྡོད་ཀྱིས་ཞི་རྒོལ་ཕྱི་ལོ་༢༠༡༤ ལོའི་ཟླ་༩ པའི་ཚེས་༢༦ ནས་ཟླ་༡༢ པའི་ཚེས་༡༥ བར་བྱས་ཡོད་པ་རེད། ལས་འགུལ་དེ་ལ་རྐྱེན་པས་རྒྱ་གཞུང་ལས་སྲིད་བྱུས་འགྱུར་བ་བཏང་བའི་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པ་རེད་དེ། རྒྱལ་སྤྱིའི་ནང་དང་ལྷག་པར་དུ་ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བ་དང་རང་བཙན་དོན་གཉེར་བའི་སེམས་ཚོར་ཆེན་པོ་བསྐྲུན་ཐུབ་ཡོད་པ་རེད། དེ་བཞིན་ལས་འགུལ་དེ་ནི་གནམ་སྡེ་སྒོ་མོའི་ལས་འགུལ་རྗེས་སུ་རྒྱ་གཞུང་ལ་ཁ་གཏད་བཅག་པའི་ལས་འགུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།