ཧོང་ཀོང་གི་མང་གཙོ་ལས་འགུལ་གྱི་འགོ་ཁྲིད་ཅིག་རྒྱལ་ཁབ་གཞན་ལ་བྲོས་ཟིན་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་། དེ་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་ལྟར། གྲོས་ཚོགས་འཐུས་མི་ཟུར་པ་དང་མང་གཙོ་ལས་འགུལ་གྱི་ན་གཞོན་འགོ་ཁྲིད་ཅིག་ཧོང་ཀོང་ནས་བྲོས་བྱོལ་ཕྱིན་ཡོད་འདུག
ཟླ་༧ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢ ཉིན་ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་གི་ཉི་གདུགས་ལས་འགུལ་ཆེན་མོའི་འགོ་ཁྲིད་ནཱི་ཐན་ལཱོ་(Nathan Law)ཡིས། གསར་འགོད་པ་ཚོར་འཕྲིན་ཐུང་ཞིག་བཏང་ནས་ཁོ་རང་ཧོང་ཀོང་ནས་ཐོན་ཟིན་ཡོད་པ་དང་། རྒྱལ་སྤྱིའི་ནང་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག འོན་ཀྱང་སྒེར་གྱི་བདེ་འཇགས་ཆེད་དུ་ད་ལྟ་རྒྱལ་ཁབ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡོད་མེད་གསལ་སྟོན་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་༦ པའི་ཚེས་༣༠ ཉིན་རྒྱ་ནག་གཞུང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས་ཧོང་ཀོང་ནང་དུ་ལག་བསྟར་བྱེད་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་བྱས་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། ནཱི་ཐན་ལཱོ་དང་མང་གཙོ་ལས་འགུལ་གྱི་འགོ་ཁྲིད་གཞན་ཁག་ཅིག་གིས། མང་གཙོ་ལས་འགུལ་གྱི་སྲིད་དོན་ཚོགས་པ་(Demosisto) ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེ་རྗེས་ཟླ་༧ པའི་ཚེས་༡ ཉིན་ནཱི་ཐན་ལོ་ཡིས་དྲ་ཐོག་བརྒྱུད་ནས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལ་མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ལ་བརྟེན་ནས། ཧོང་ཀོང་གྲོང་ཁྱེར་གྱི་མང་གཙོའི་རང་དབང་རྩིས་མེད་འགྲོ་རྒྱུ་ཡིན་པའི་ཛ་དྲག་གི་གནས་སྟངས་སྐོར་བདེན་དཔང་གིས་སྐད་ཆ་བཤད་ཡོད་པ་དང་། ཚེས་༢ ཉིན་རང་ཉིད་ཧོང་ཀོང་ནས་ཐོན་ཟིན་པའི་གནས་ཚུལ་སྤེལ་ཡོད་པ་རེད་འདུག
ལས་འགུལ་བ་ཁོང་གིས་བརྒྱུད་ལམ་ཁག་ཏུ། ཚེས་༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཏུ་མཉམ་ཞུགས་བྱས་པ་དེས་ཁོང་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པ་དང་། དེ་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ནང་དུ་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་འབྲེལ་བྱེད་མི་ཆོག་ཅེས་ཡོད་པ། ཁོང་ལ་གདམ་ག་གཉིས་ཡོད་པ་དང་། དེ་ཡང་གཅིག་ནི་ཁུ་སིམ་སྡོད་རྒྱུ་དང་གཅིག་ནི་སྒེར་གྱི་ཐོག་ནས་ལས་འགུལ་སྤེལ་ནས་འཛམ་གླིང་ནང་རྒྱ་ནག་གི་དབང་ཆ་གཅིག་སྡུད་རྒྱ་སྐྱེད་ཀྱི་ཉེན་ཁ་ཐོག་ཉེན་བརྡ་གཏོང་རྒྱུ་བཅས་ཡིན་པས། ཨ་རིའི་གྲོས་ཚོགས་ཉན་ཞིབ་ལ་སྐད་ཆ་མ་བཤད་རྒྱུ་ཁས་ལེན་བྱས་སྐབས་གདམ་ག་གང་བྱེད་རྒྱུ་ཐག་གཅོད་བྱས་ཟིན་སྐོར་བརྗོད་འདུག ཁོང་གིས་ཨ་རིའི་གྲོས་ཚོགས་ཉན་ཞིབ་ཏུ་སྐད་ཆ་བཤད་པའི་རྗེས་སུ། གྲོས་ཚོགས་འོག་མས་སྤྱི་མོས་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཟོ་དང་འབྲེལ་བ་ཡོད་པའི་ཧོང་ཀོང་དང་རྒྱ་ནག་གི་མགོ་ཁྲིད་རྣམས། དེ་བཞིན་ཧོང་ཀོང་ནང་རྒྱ་ནག་གིས་རང་སྐྱོང་བཀག་འགོག་བྱེད་པར་མཐུན་སྦྱོར་བྱེད་མཁན་ཚོང་ལས་ཁང་དང་སྒེར་པ་བཅས་ལ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུ་རྒྱབ་སྐྱོར་བྱས་ཡོད་པ་རེད།
ལས་འགུལ་བ་ནཱི་ཐན་ལཱོ་ནི་ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་གི་ཉི་གདུགས་མང་གཙོའི་ལས་འགུལ་ཆེན་མོའི་ན་གཞོན་འགོ་ཁྲིད་ཡིན་པ་དང་། ཕྱི་ལོ་༢༠༡༦ ལོར་ཧོང་ཀོང་གི་གྲོས་ཚོགས་འཐུས་མིར་འོས་འགྲན་བྱས་ཏེ་འདེམས་ཐོན་བྱུང་ཡོད་པ་དང་སྐབས་དེར་ཁོང་ལོ་༢༣ ཡིན་པས་ལོ་རྒྱུས་ནང་གི་གྲོས་ཚོགས་འཐུས་མི་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་རེད་དེ། དམ་འབུལ་སྐབས་སུ་ཁོང་དང་མང་གཙོ་ལས་འགུལ་བ་གསུམ་གྱིས། རྒྱ་ནག་ལ་ངོ་རྒོལ་གྱིས་དམ་འབུལ་གྱི་ཚིག་བརྗོད་མི་འདྲ་བེད་སྤྱོད་བྱས་རྐྱེན། ཧོང་ཀོང་ཁྲིམས་ཁང་གིས་ཁོ་ཚོ་བཞི་གྲོས་ཚོགས་ནས་གནས་དབྱུང་བཏང་ཡོད་པ་རེད། ཁོང་ནི་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག
ཁོང་གིས་བརྒྱུད་ལམ་ཁག་ཏུ་ད་ལྟའི་ཆར་མང་གཙོའི་ལས་འགུལ་གྱི་གསོན་ཤུགས་མུ་མཐུད་ནས་གནས་ཡོད་པ་དང་ཧོང་ཀོང་མི་མང་གིས་སེམས་ཤུགས་ཆགས་ཀྱི་མ་རེད་ཅེས་བརྗོད་འདུག
རྒྱལ་སྤྱིའི་ནང་རྒྱ་ནག་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པར་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།